མཚོ་ལྷོ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ནུས་ཁུངས་གཙང་མའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག་ཅེས་པ་ཁྱབ་བསྒྲགས་དང་ལག་བསྟར་བྱེད་པའི་ཚོགས་འདུ་བསྡུས།
ཟླ8པའི་ཚེས25ཉིན་གྱི་ཕྱི་དྲོར། མཚོ་ལྷོ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ནུས་ཁུངས་གཙང་མའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག་ཅེས་པ་ཁྱབ་བསྒྲགས་དང་ལག་བསྟར་བྱེད་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ནས་སྲོལ་ཡིག་དོན་འཁྱོལ་དང་ལག་བསྟར་བྱེད་པའི་བྱ་བ་ཁག་བཀོད་སྒྲིག་བྱས་ཏེ། ཁྲིམས་སྐྱོང་སྟོབས་ཤུགས་ལ་བརྟེན་ནས་ཁུལ་ཡོངས་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་སྤུས་འདེགས་ནུས་མཐོ་དང་ཕྱོགས་སྒྱུར་རིམ་སྤོར་ལ་རྨང་གཞི་བཏིངས།
གཞུང་དངོས། སྒྲོག་སྤེལ་ཚོགས་འདུའི་སྟེང་ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་སུན་ཅུན་ཞཱ་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་མཱ་ཧྲའོ་ཧྥུའུ་གཉིས་ཀྱིས་ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་ལ་སྲོལ་ཡིག་གི་དེབ་རྐྱང་སྤྲད་པ་དང་། དེས་རང་ཁུལ་གྱི་ནུས་ཁུངས་གཙང་མའི་ཐོན་ལས་འཕེལ་རྒྱས་ཁྲིམས་སྐྱོང་ཅན་དང་ཚད་ལྡན་ཅན། སྒྲིག་སྲོལ་ཅན་གྱི་དུས་རིམ་གསར་བ་ཞིག་ཏུ་སླེབས་པ་མཚོན་ཡོད།
སྲོལ་ཡིག་དེ་2026ལོའི་ཟླ2པའི་ཚེས8ཉིན་ཁུལ་སྐབས་བཅོ་ལྔ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དྲུག་པའི་སྟེང་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། ཟླ5པའི་ཚེས29ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གཉིས་པའི་སྟེང་ཆོག་མཆན་ཐོབ་པ་བརྒྱུད། ཟླ6པའི་ཚེས16ཉིན་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་བསྒྲགས་བྱས་པ་དང་། 2026ལོའི་ཟླ9པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།
སྲོལ་ཡིག་ལ་ཁྱོན་བསྡོམས་དོན་ཚན་སུམ་ཅུ་སོ་བཞི་ཡོད་ཅིང་། ལེའུ་དང་ས་བཅད་དགར་མེད། དོན་ཚན1པོ་ནས8པའི་བར་ཁྲིམས་འཛུགས་དམིགས་ཡུལ་དང་སྤྱོད་འཐུས་ཁྱབ་ཁོངས། གཞི་རྩའི་རྩ་དོན། སྐྱེ་ཁམས་གཙོར་འཛིན་པའི་བླང་བྱ་དང་སྲིད་གཞུང་གི་འགན་འཁྲི་བཅས་ཁ་གསལ་དུ་བཟོས་ཡོད། དོན་ཚན9པ་ནས18ཀྱི་བར་ལས་གཞི་གསར་སྤེལ་དང་མཇུག་སྣེའི་ཉེར་སྤྱོད་གཙོ་གནད་ཁ་གསལ་དུ་བཟོས་ཏེ་ཕྱོགས10ཡི་ཐད་ནས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་ཡོད། དོན་ཚན19པ་ནས27གྱི་བར་སྒྲིག་ཆས་བཟོ་སྐྲུན་དང་ལག་རྩལ་གསར་གཏོད་ལ་དམིགས་ནས། ནུས་ཁུངས་གཙང་མ་དང་ལྗང་མདོག་རྩིས་ཤུགས། ཐོན་ལས་སྦྲེལ་ཐག་མཉམ་འདྲེས་ཡོང་བར་བྱས་ནས་ཁྱད་ཆོས་ལྡན་པའི་ཐོན་ལས་ཀྱི་ཚོགས་པ་ཆགས་པར་སྐུལ་འདེད་བྱས། དོན་ཚན27པ་ནས33པའི་བར་ནོར་སྲིད་དང་དངུལ་རྩ། ཚན་རྩལ། ས་ཞིང་། ཤེས་ལྡན་མི་སྣ་སོགས་ཀྱི་རྒྱབ་སྐྱོར་སྲིད་ཇུས་ཁ་གསལ་དུ་བཟོས་ཡོད།
ཚོགས་འདུ་ལས་སྲོལ་ཡིག་གཏན་ལ་ཕབ་པ་ནི་སྤྱི་ཚོགས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་དང་ནུས་ཁུངས་ཀྱི་བདེ་འཇགས་འགན་ལེན། སྒུལ་ནུས་གསར་པ་སྔོག་འདོན། དེ་མིན་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་འགག་རྩའི་བྱ་ཐབས་ཤིག་ཡིན་ལ། དེ་ནི་ཐོན་ལས་ཀྱི་གནད་འགག་གི་དཀའ་ཁག་སེལ་བ་དང་ཁྲིམས་སྐྱོང་མཁོ་འདོན་འཐུས་ཚང་དུ་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཀྱང་ཡིན་པས། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྲོལ་ཡིག་ཁྱབ་སྒྲོག་དང་ལག་བསྟར་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ། དོན་ཚན་ཁག་ལག་ལེན་ཞིབ་ཕྲ་དང་ཕན་འབྲས་ཐོན་པར་འགན་ལེན་བྱ་དགོས། སྲོལ་ཡིག་དོན་ཐོག་ཏུ་འཁྱོལ་བར་དམ་འཛིན་ནན་མོ་བྱས་ནས་གདུབ་ཟུམ་ལག་བསྟར་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྐྱེ་ཁམས་གཙོར་འཛིན་པའི་རྩ་དོན་བརྟན་སྲུང་བྱས་ནས་ནུས་ཁུངས་མང་པོ་ཕན་ཚུན་གསབ་རེས་བྱེད་པའི་ནུས་ཁུངས་རྟེན་གཞི་འཛུགས་པ། ས་གནས་སུ་ཐག་གཅོད་ཐུབ་པའི་འཕར་གྲངས་ལ་དམིགས་ཏེ། ནུས་ཁུངས་གཙང་མའི་ཐོན་ལས་སྦྲེལ་ཐག་རྒྱ་སྐྱེད་པ། སྲིད་ཇུས་ཀྱི་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་ཐོན་ལས་འཕེལ་རྒྱས་ཀྱི་སྐྱེ་ཁམས་ལེགས་བཅོས་བྱ་དགོས་ཞེས་ནན་གྱིས་བསྟན།
ཚོགས་འདུ་ལས་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་དམངས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་ལྟ་སྐུལ་འགན་འཁྲི་ལག་བསྟར་བྱས་ནས། ཁྲིམས་འཛིན་ཞིབ་བཤེར་དང་ཆེད་དོན་རྟོག་ཞིབ་སོགས་ཀྱི་བྱེད་ཐབས་སྤྱད་དེ། སྲོལ་ཡིག་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་དང་སྒྲིག་སྲོལ་སོ་སོ་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བྱ་དགོས། དུས་མཚུངས་སུ་སྲོལ་ཡིག་ལག་བསྟར་བྱས་པའི་གནས་ཚུལ་ལ་རྗེས་འདེད་ལྟ་སྐུལ་ནན་མོ་བྱས་ནས། སྲོལ་ཡིག་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད་དུ་བྱུང་བའི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་དུས་ཐོག་ཏུ་དབྱེ་ཞིབ་དང་བརྡར་ཤ་བཅད་དེ། དམིགས་སའི་རང་བཞིན་ལྡན་པའི་གྲོས་གཞི་དང་ཐབས་ཇུས་བཏོན་ནས། སྲོལ་ཡིག་འཐུས་ཚང་དང་ལག་བསྟར་བྱ་རྒྱུར་སྐུལ་འདེད་སྒོས། སྲོལ་ཡིག་ལག་བསྟར་བྱེད་པར་ཡུན་རིང་གཏན་འཇགས་ཀྱི་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱ་དགོས་པའི་བླང་བྱ་བཏོན།