ཞིང་ཆེན་ཡོངས་ཀྱི་བཟང་པོ་བཞིའི་ཞིང་སྡེའི་གཞུང་ལམ་གྱི་ཚད་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་པའི་ཡུལ་དངོས་ཚོགས་འདུ་ཆབ་ཆ་ནས་བསྡུས།
ཟླ8པའི་ཚེས21ཉིན།2026ལོའི་ཞིང་ཆེན་ཡོངས་ཀྱི་བཟང་པོ་བཞིའི་ཞིང་སྡེའི་གཞུང་ལམ་གྱི་ཚད་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་པའི་ཡུལ་དངོས་ཚོགས་འདུ་གུང་ཧོ་རྫོང་དུ་བསྡུས་ཤིང་། ཚོགས་འདུ་ལས2026ལོའི་རྒྱལ་ཡོངས་ཀྱི་བཟང་པོ་བཞིའི་ཞིང་སྡེའི་གཞུང་ལམ་གྱི་ཚད་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཡུལ་དངོས་ཚོགས་འདུའི་དགོངས་དོན་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱར་ནན་ཏན་གྱིས་ལག་བསྟར་བྱས་ཏེ། གྲུབ་འབྲས་སྤྱི་བསྡོམས་དང་གནས་བབ་ལ་དབྱེ་ཞིབ་བྱས་པ་མ་ཟད། དུས་རིམ་རྗེས་མའི་འོས་འགན་གཙོ་བོ་བཀོད་སྒྲིག་བྱས།
ཚོགས་འདུ་ལས་ད་ལོའི་ཚུན་ལ་ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་སྡེ་ཁག་གིས་ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བྱས་ཏེ། དོན་དངོས་ནས་མགོ་བརྩམས་ཏེ་ལུགས་མཐུན་གྱིས་བྱ་བ་བསྒྲུབ་པ་རྒྱུན་འཁྱོངས་བྱས་ནས། ཡུལ་བབ་དང་བསྟུན་པའི་སྒོ་ནས་མཐོ་སྒང་གི་ཞིང་སྡེའི་གཞུང་ལམ་གྱི་ཁྱད་ཆོས་དང་བར་ཁྱད་འཚོལ་ཞིབ་བྱས་པས། བཟང་པོ་བཞིའི་ཞིང་སྡེའི་གཞུང་ལམ་གྱི་འཕེལ་རྒྱས་ཐད་རྣམ་པ་གསར་པ་མངོན་ཡོད་པ་དང་། འཆར་འགོད་སྔར་ལས་བརྒྱུད་རིམ་ལྡན་ལ། དངུལ་གཏོང་སྔར་ལས་གནད་ལ་འཁེལ་བ། སྤུས་ཚད་སྔར་ལས་མཐོ་བ། དོ་དམ་སྔར་ལས་ལེགས་པ་བཅས་ཡིན་པ་བསྟན།
ཚོགས་འདུ་ལས་ད་ལོ་ནི་ལོ་ལྔའི་འཆར་གཞི་བཅོ་ལྔ་པ་མགོ་ཚུགས་པའི་ལོ་ཡིན་པས། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་བྱས་ཏེ། ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་རིང་གི་ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་གཞུང་ལམ་འཕེལ་རྒྱས་སུ་གཏོང་བའི་ཐབས་ལམ་ཁོང་དུ་ཆུད་པར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་བཟང་པོ་བཞིའི་ཞིང་སྡེའི་གཞུང་ལམ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་དུ་སྐུལ་འདེད་གཏོང་དགོས་པ་དང་། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་ལ་བརྟེན་ནས་རང་འགན་གཙང་སྒྲུབ་བྱེད་དགོས། ལོ་རེའི་དམིགས་ཚད་གཏན་འཁེལ་བྱས་ཏེ་དམ་པ་དོན་གཉེར་གྱིས་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་དགོས། དམངས་འཚོའི་དོ་ཁུར་ལ་དམིགས་ཏེ་དངོས་སྒྲུབ་བྱེད་ཐབས་ལ་བརྟེན་ནས་དམངས་ལ་བདེ་སྐྱིད་བསྐྲུན་དགོས། སྐྱེ་ཁམས་ཀྱི་མཐད་ཚད་བརྟན་སྲུང་བྱས་ཏེ་ལྗང་མདོག་འདུ་ཤེས་ཀྱིས་ཚད་མཐོའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་དགོས། གྲོང་གསེབ་དར་སྤེལ་ལ་ཞབས་འདེགས་དང་། ཐོན་ལས་དང་གཞུང་ལམ་མཉམ་འདྲེས་བྱས་ཏེ་ཞིང་པའི་འབབ་འཕར་ཇེ་མང་དུ་གཏོང་དགོས། དངོས་སྒྲུབ་དངོས་འབྲས་ལ་བརྟེན་ནས་གཞུང་ལམ་གྱི་དོ་དམ་དང་ཞིག་གསོའི་ཆུ་ཚད་འགན་སྲུང་བྱ་དགོས་ཞེས་ནན་གྱིས་བསྟན།
ཚོགས་འདུ་ལས་བྱུར་རྐྱེན་གྲལ་བཤེར་བཅོས་སྐྱོང་དང་གནོད་འགོག གནོད་སེལ་དང་རྒུད་སྐྱོབ། འགྲིམ་འགྲུལ་བདེ་འཇགས་ལྟ་སྐུལ་དོ་དམ་སོགས་ཀྱི་ལས་དོན་ལ་སྔར་ལས་དམ་འཛིན་ཡག་པོ་བྱ་རྒྱུའི་ཐད་ཡང་བསྐྱར་བཀོད་སྒྲིག་བྱས།
ཚོགས་འདུ་ལས་མགོ་ལོག་ཁུལ་དང་ཡུས་ཧྲུའུ་ཁུལ། སྐུ་འབུམ་ས་ཁུལ་དང་གུང་ཧོ་རྫོང་བཅས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་རིམ་པ་བཞིན་བསམ་ཚུལ་བརྗེ་རེས་ཀྱི་གཏམ་བཤད་སྤེལ་བ་དང་། ཚོགས་འདུའི་སྔོན་ལ་ཚོགས་ཞུགས་འཐུས་མིསS307ཆབ་ཆ་ནས151 ལྗོངས་ཁུལ་བར་གྱི་འགྲིམ་འགྲུལ་ཡུལ་སྐོར་མཉམ་སྐྲུན་དང་། རིག་སྨོན་གྲོང་བརྡལ་ཞིང་སྡེའི་གཞུང་ལམ་གྱི་བསྐྱར་བསྐྲུན་བྱ་བ། རིག་སྨོན་ནས151ལྗོངས་ཁུལ་བར་གྱི་ཡུལ་ལྗོངས་མཉམ་འདྲེས་སོགས་ཀྱི་དཔེ་སྟོན་བཟོ་སྐྲུན་བཅས་ཀྱི་ཡུལ་དངོས་སུ་ལྟ་སྦྱོང་བྱས་པ་རེད།