ཐུན་ཏེ་རྫོང་གི་རྫོང་རུ་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་སྟོན་མགོ་བརྩམས།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས17ཉིན། “དྭངས་གཙང་རྨ་ཆུ། མཚོ་ལྷོ་གསར་པ”ཞེས་པའི2026ལོའི་ཐུན་ཏེ་རྫོང་གི་རྫོང་རུ་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་སྟོན་ཐེངས་ཉི་ཤུ་པ་དང“རྫོང་རུ་བུམ་པ་རྟགས་མའི”བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་གདན་ཞུའི་འགྲན་སྡུར་སྐབས་གཉིས་པ་དེ་ཐུན་ཏེ་རྫོང་འབའ་ཐང་རྩྭ་ཐང་ནས་མགོ་བརྩམས།
ཐུན་ཏེ་རྫོང་ལ་མཚོན་ན་རྨ་ཆུའི་སྟོད་རྒྱུད་ཀྱི་ལྟེ་བའི་ས་ཁུལ་དུ་ཆགས་ཤིང་། དེ་ནི་གཙང་གསུམ་འབྱུང་ཡུལ་འབབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་གལ་ཆེན་ཞིག་ཡིན་པ་མ་ཟད། ལོ་ངོ་སྟོང་ཕྲག་གི་རྫོང་རུའི་དཔལ་ཡོན་འཁྲུངས་ཏེ་རིགས་སོ་སོའི་མི་རིགས་འབྲེལ་འདྲིས་དང་མཉམ་འདྲེས་བྱེད་པའི་རིག་གནས་ཀྱི་མཐོ་ས་བདེན་དཔང་བྱས་ཡོད། མགོ་རྩོམ་འཛད་སྒོའི་སྟེང《དཔལ་ཡོན་གྱི་འབྱུང་ཁུངས། ལོ་ངོ་སྟོང་གི་རྫོང་རུ》ཞེས་པའི་རིག་རྩལ་འཁྲབ་སྟོན་བྱས་ཤིང་། རྫོང་རུའི་སྔོན་བྱོན་པ་ཚོས་ཁྱིམ་གཞིས་བསྐྲུན་པའི་གནའ་བོའི་རྣམ་པ་དེ་གསོན་ཉམས་དོད་པོའི་སྒོ་ནས་བསྐྱར་དུ་མངོན་ཡོད་ལ། ལོ་ངོ་སྟོང་ཕྲག་སྔོན་གྱི་རིག་གནས་ཀྱི་དྲན་ཤིང་ཡང་བསྐྱར་ཀུན་གྱི་མཐོང་ལམ་དུ་བསྟར་ཏེ་ཡུལ་དངོས་ཀྱི་ལྟ་མཁན་ཚོར་དུས་རབས་ཀྱི་ཕྲེང་ཐག་བརྒལ་ཏེ་རྨ་ཆུའི་སྟོད་རྒྱུད་ཀྱི་གནའ་བོའི་རིག་གནས་ཀྱི་འགུག་ཤུགས་གསོན་པོ་ཉམས་སུ་མྱོང་དུ་བཅུག
ཐེངས་འདིའི་བྱེད་སྒོ་ཡིས“གནས་མཆོག་ཐུན་ཏེ་དང་རྫོང་རུའི་རིག་གནས་ལྡེམ་མྱུར་བྲོ་ཡིས་བསྟོད”ཅེས་པ་བརྗོད་དོན་བྱས་ཏེ་སྐོར་བྲོ་འགྲན་སྡུར་དང་། རྟ་རྒྱུག་འགྲན་སྡུར། རིག་གནས་དང་ཞིང་ཕྱུགས་ཐོན་རྫས་དག་གཞི་གཅིག་ཏུ་འོས་སྦྱོར་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོང་དང་། རིག་གནས་རྒྱུན་འཛིན། རིག་གནས་ཡུལ་སྐོར་ཐོན་ལས་བཅས་ཀྱི་མཉམ་འདྲེས་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་། བྱེད་སྒོའི་སྟེང་རང་ས་གནས་ཀྱི་ཞིང་ཕྱུགས་ཁེ་ལས24དང་། རིག་གནས་ཐོན་རྫས་ཀྱི་ཁེ་ལས20ཞུགས་ཏེ་གཅིག་བསྡུས་ངང་འགྲེམ་སྟོན་བྱས་ཏེ་ཕྱོགས་ཡོངས་ནས་ཐུན་ཏེ་རྫོང་གི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་དང་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཐོན་རྫས་འོས་སྦྱོར་བྱས། “དྭངས་གཙང་རྨ་ཆུ། མཚོ་ལྷོ་གསར་པ”ཞེས་པའི་བྱེད་སྒོ་ལ་བརྟེན་ནས་རང་ས་གནས་ཀྱི་ཞིང་ཕྱུགས་ཁྱད་ལྡན་ཐོན་རྫས་ལ་སྒེའུ་ཁུང་གསར་པ་ཕྱེས་པས། རྩྭ་ཐང་ནས་ཐོན་པའི་ཐོན་རྫས་དག་གིས་ཀྱང་ཐེངས་འདིའི་བྱེད་སྒོ་ལ་རིག་གནས་ཀྱི་ཁ་དབུགས་སྟུག་པོ་བསྣན་ཞིང་ས་མཐོའི་གྲོང་ཁྱེར་ཆུང་ཆུང་གི་གསོན་ཤུགས་དང་མི་ཆོས་རིག་གནས་ཀྱི་འགུག་ཤུགས་རབ་ཏུ་མངོན་ཡོད། །