གནད་བསྡུས། 详情

ལིའུ་གོ་ཀྲུང་གིས་ཐེན་ཅིན་དུ་རྟོག་ཞིབ་གནང་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་གོ་ཀྲུང་གིས་ཟླ8པའི་ཚེས19ཉིན་ཐེན་ཅིན་དུ་རྟོག་ཞིབ་གནང་། ཁོང་གིས་ནན་གྱིས་བསྟན་དོན། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་འཕྲོད་བསྟེན་དང་བདེ་ཐང་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དགོས་པ་དང་། དུས་རབས་གསར་པའི་འཕྲོད་བསྟེན་དང་བདེ་ཐང་ལས་དོན་གྱི་བྱེད་ཕྱོགས་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས་པ། བདེ་ཐང་སྔོན་ལ་འཇོག་པའི་འཐབ་ཇུས་ལག་ལེན་བསྟར་ནས་སྤུས་ལེགས་ནུས་ཆེའི་སྨན་བཅོས་ཞབས་ཞུའི་མ་ལག་བསྐྲུན་ཏེ། ཀླད་འཕྲུལ་འབྲེལ་མཐུད་སོགས་འཕྲོད་བསྟེན་ཁྱབ་ཁོངས་སུ་ཐོན་སྐྱེད་ནུས་ཤུགས་གསར་པ་གོང་འཕེལ་གཏོང་བར་སྐུལ་འདེད་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ཕྱོགས་ཡོངས་དུས་འཁོར་ཧྲིལ་པོའི་བདེ་ཐང་དགོས་མཁོ་སྔར་ལས་ལེགས་པར་སྐོང་དགོས།

ལིའུ་གོ་ཀྲུང་སྔ་རྗེས་སུ་སྡེ་ཁུལ་ཞབས་ཞུ་ལྟེ་གནས་དང་ཆེད་ལས་སྨན་ཁང་ཕྱོགས་བསྡུས་སྨན་ཁང་དུ་ཕེབས་ནས། གཞི་རིམ་སྨན་བཅོས་ཞབས་ཞུ་དང་ནད་ཐོག་ཚན་ཁག་འཛུགས་སྐྲུན། ཛ་དྲག་གསོ་རིག་རོགས་སྐྱོབ་དཔུང་ཁག་འཛུགས་སྐྱོང་། ཁྲག་མཁོ་སྤྲོད་འགན་ལེན་བཅས་ཀྱི་གནས་ཚུལ་ཞིབ་ཕྲ་རྒྱུས་ལོན་བྱས། ཁོང་གིས་ནན་གྱིས་བསྟན་དོན། སྨན་བཅོས་འཕྲོད་བསྟེན་རྨང་གཞི་སྟོབས་ཆེར་གཏོང་བའི་ལས་གཞི་ལག་བསྟར་ཤུགས་ཆེན་བྱེད་པ་དང་། རྫོང་རིམ་པའི་སྨན་དོན་མཉམ་འབྲེལ་སྒྲིག་གཞི་དང་གྲོང་ཁྱེར་གྱི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞིའི་འཛུགས་སྐྲུན་ལ་ཤུགས་སྣོན་པ། མི་སྣ་དང་ཞབས་ཞུ་གཤམ་སྐྱོད་རྒྱུན་མཐུད་ངང་སྤེལ་བར་འབད་བརྩོན་བྱས་ནས་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཁྱིམ་ཚང་སྨན་པ་གན་རྒྱ་བཞག་སྟེ་ཞབས་འདེགས་ཞུ་རྒྱུ་དམ་འཛིན་ཡག་པོ་བྱེད་པ་དང་རིམ་པ་དབྱེ་ནས་ནད་གཞི་བརྟག་བཅོས་ཁྱབ་གདལ་གཏོང་བ་བརྒྱུད། མང་ཚོགས་ཀྱིས་ལུགས་མཐུན་ངང་སྨན་བཅོས་བྱེད་རྒྱུར་ཁྲིད་སྟོན་བྱེད་དགོས། སླར་སོས་བདག་སྐྱོང་ཞབས་ཞུ་མཁོ་འདོན་བྱེད་ཚད་རྒྱ་བསྐྱེད་པ་དང་སེམས་ཁམས་རིག་པ་དང་བྱིས་པའི་རིག་པ། རྒན་རྒོན་གསོ་རིག བདེ་སྲུང་ལྟ་སྐྱོང་སོགས་ཉམས་ཞན་རིག་གཞུང་སྡེ་ཁག་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་དགོས། རིན་མི་དགོས་པར་ཁྲག་འབུལ་དྲིལ་བསྒྲགས་སྐུལ་སློང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྲག་རིགས་འཕྲལ་བསྟུན་འགན་ལེན་བྱེད་ནུས་མཐོ་རུ་གཏོང་དགོས། སྨན་སློབ་ཟུང་འབྲེལ་ལ་ཤུགས་སྣོན་རྒྱག་པ་དང་གསོ་རིག་ཤེས་ལྡན་མི་སྣའི་གསོ་སྐྱོང་མ་ལག་འཐུས་ཚང་དུ་བཏང་ནས། ཤེས་ལྡན་པ་གསོ་སྐྱོང་སྤུས་ཚད་མཐོར་འདེགས་གཏོང་དགོས།

ལིའུ་གོ་ཀྲུང་ད་དུང་འབྲེལ་ཡོད་ཚོད་ལྟ་ཁང་དང་སྨན་བཅོས་ལས་ཁུངས་སུ་ཕེབས་ནས་ཀླད་འཕྲུལ་འབྲེལ་མཐུད་ལག་རྩལ་ཞིབ་བཟོ་དང་ནད་ཐོག་ཚོད་ལྟ། བེད་སྤྱོད་བཅས་ཀྱི་གནས་ཚུལ་ཐད་བརྟག་དཔྱད་ཞིབ་འཇུག་ཟབ་མོ་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཚན་རིག་རྨང་གཞིར་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་ལ་སྐུལ་འདེད་བཏང་ནས། གདོད་མའི་གསར་གཏོད་ནུས་པ་ཇེ་མཐོར་གཏོང་དགོས། གཅིག་གྱུར་མཐུན་སྦྱོར་ལེགས་པོ་བྱས་ཏེ་ས་གནས་སོ་སོར་རང་ཉིད་ཀྱི་ཚན་རྩལ་དང་ལས་རིགས་ལེགས་ཆ་གཞིར་བཟུང་འཕེལ་རྒྱས་གནས་བབས་གཏན་འཁེལ་གྱིས་བཀོལ་སྤྱོད་ཁོར་ཡུག་རྒྱ་བསྐྱེད་དེ་རང་རང་གི་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ལམ་བུ་འཚོལ་ཞིབ་གྲུབ་ཐབས་བྱེད་དགོས། ཚད་ལྡན་མ་ལག་འཐུས་ཚང་དུ་གཏོང་བ་དང་ལྟ་སྐུལ་དོ་དམ་ཚད་གཞི་ནན་མོ་བཟོས་ནས་བདེ་འཇགས་མཐའ་ཚད་བརྟན་པོར་བསྲུང་དགོས།

དེ་རིང་ནི་སྐབས་དགུ་པའི་ཀྲུང་གོའི་སྨན་པའི་དུས་ཆེན་ཡིན། བརྟག་དཔྱད་ཞིབ་འཇུག་རིང་ལིའུ་གོ་ཀྲུང་གིས་ལས་ཡུལ་དངོས་ཀྱི་སྨན་བཅོས་མི་སྣར་འཚམས་འདྲི་ཞུས་པ་མ་ཟད། རྒྱལ་ཡོངས་ཀྱི་སྨན་བཅོས་ལས་དོན་པར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་ཡོད། ཁོང་གིས་ནན་གྱིས་བསྟན་དོན། རྒྱ་ཆེ་བའི་སྨན་བཅོས་ལས་དོན་པས་མི་དམངས་ཀྱི་བདེ་ཐང་སྲུང་སྐྱོབ་བྱ་ཆེད་ལེགས་སྐྱེས་མངོན་གསལ་ཕུལ་ཡོད་པས། དུས་རབས་གསར་པའི་བདེ་ཐང་སྲུང་མཁན་ངོ་མ་རེད། འཇོན་ཐང་ཆེན་པོ་སྦྱོང་བརྡར་ཏན་ཏིག་བྱེད་པ་དང་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱས་ཏེ། མི་དམངས་མང་ཚོགས་ལ་སྔར་ལས་ལྷག་པའི་སྒོ་ནས་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ལེགས་པོ་བསྒྲུབས་ནས། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱ་གཞག་ཁྲོད་བྱས་རྗེས་གསར་པ་འཇོག་གང་ཐུབ་བྱེད་དགོས། དེ་མིན་སྨན་བཅོས་འཕྲོད་བསྟེན་དཔུང་སྡེ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། སྨན་བཅོས་མི་སྣར་སེམས་ཁུར་གཅེས་སྐྱོང་བྱེད་པ་དང་། སྨན་པར་བརྩི་བཀུར་བྱེད་པ། འཕྲོད་བསྟེན་བརྩི་མཐོང་བྱེད་པའི་རྣམ་པ་བཟང་པོ་བསྐྲུན་དགོས། །

热门新闻

热门图库

热门排行