གནད་བསྡུས། 详情

ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་ནས《<སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་སྲོལ་ཡིག>བཟོ་བཅོས་བྱས་པའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས》ཁྱབ་བསྒྲགས་བྱས་པ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཉེ་ལམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་ནས། 《<སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་སྲོལ་ཡིག>བཟོ་བཅོས་བྱེད་པའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས》(གཤམ་དུ《གཏན་འབེབས》ཞེས་བསྡུས)ཁྱབ་བསྒྲགས་བྱས་པ་དང་། 2026ལོའི་ཟླ9པའི་ཚེས20ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།《གཏན་འབེབས》ལ་བསྡོམས་པའི་དོན་ཚན20ཡོད་ཅིང་། གཙོ་བོ་གཤམ་གསལ་གྱི་ནང་དོན་གཏན་འཁེལ་བྱས་ཡོད།

གཅིག་ནི་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་པ་དང་བཀོལ་སྤྱོད་ཁྱབ་ཁོངས་རྒྱ་བསྐྱེད་པ། སྡོད་ཁང་སྤྱི་གསོག་མ་དངུལ་བླངས་ནས་ཁང་གླ་སྤྲོད་སྐབས། ཁང་གླ་ཁྱིམ་ཚང་གི་གླ་ཕོགས་ཡོང་འབབ་ཀྱི་གཏན་འཁེལ་བསྡུར་ཚད་ལས་བརྒལ་བའི་ཚད་བཀག་བཀོད་སྒྲིག་མི་བྱེད། རང་སྡོད་སྡོད་ཁང་རྒྱན་སྤྲས་དང་། རང་སྡོད་སྡོད་ཁང་གི་གཞིས་ལས་གྲོན་དངུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པའི་སྡོད་ཁང་འཛད་སྤྱོད་ཀྱི་གནས་ཚུལ་གཞན་དག་སོགས་སྡོད་ཁང་སྤྱི་གསོག་མ་དངུལ་བླངས་ཆོག་པའི་གནས་ཚུལ་གསར་དུ་ཁ་བསྣན། སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་གཏོང་བེད་སྤྱོད་ཐབས་ལམ་རྒྱ་ཆེར་འོས་འཚམ་བཏང་ནས། སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་ཀྱིས་སྡོད་ཁང་སྤྱི་གསོག་མ་དངུལ་དེ་སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་བུ་ལོན་ཉོ་བར་སྤྱོད་ཆོག་པ་ཁ་གསལ་བཟོས་ཡོད།

གཉིས་ནི་དོ་དམ་ཞབས་ཞུའི་ཕན་ནུས་ཇེ་ཆེ་རུ་བཏང་། ལས་བཟོ་པས་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་རྒྱུར་རེ་ཞུ་བྱེད་པའི་འགྲོ་ལུགས་སྟབས་བདེ་བཟོས་པ་དང་། སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་རེ་ཞུ་བྱེད་པའི་ཞིབ་བཤེར་དུས་ཚད་ཇེ་ཐུང་དུ་བཏང་ལ། སྡོད་ཁང་སྤྱི་གསོག་མ་དངུལ་འཇལ་བཅོལ་ཟིན་ཐོ་སོགས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཕན་ཚུན་ཡིད་ཆེས་དང་ཁས་ལེན་མངོན་འགྱུར་བྱས་ཏེ། སྡོད་ཁང་སྤྱི་གསོག་མ་དངུལ་སྤོ་སྒྱུར་འབྲེལ་མཐུད་དང་། ཡུལ་གཞན་དུ་དངུལ་བུན་བསྐྱི་བ་སོགས་ཀྱི་ལས་སྒོ་སྟབས་བདེ་ཞིང་ལས་ཆོད་ཆེ་བའི་སྒོ་ནས་སྒྲུབ་པར་སྐུལ་འདེད་བཏང་ཡོད།

གསུམ་ནི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་བྱེད་ཤུགས་ཇེ་ཆེ་རུ་བཏང་། རྒྱལ་སྲིད་སྤྱི་ཁྱབ་ཁང་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་གཙོ་གཉེར་སྡེ་ཁག་གིས་སྡོད་ཁང་སྤྱི་གསོག་མ་དངུལ་ཁྱབ་ཁོངས་ཀྱི་སྤྱི་པའི་ཡིད་རྟོན་ཆ་འཕྲིན་གཏན་འཁེལ་བྱས་པ་དང་། སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་ཀྱིས་ཕྱོགས་ཡོངས་དང་། ཆ་ཚང་བ། ཡང་དག་པ་བཅས་ཀྱི་ཡིད་རྟོན་ཐོ་འགོད་བྱས་པར་མ་ཟད་རྒྱལ་ཡོངས་ཀྱི་ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་སྟེགས་བུའི་ནང་བཅུག མགོ་སྐོར་གཡོ་འཕྲུལ་དང་དཔང་ཡིག་རྒྱུ་ཆ་རྫུན་བཟོ་སོགས་ཀྱི་བྱེད་ཐབས་སྤྱད་ནས་ཁྲིམས་འགལ་གྱིས་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་པ་དང་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་ལེན་པའི་བྱ་སྤྱོད་ལ་ཁྲིམས་ལུགས་ཀྱི་འགན་འཁྲི་གསལ་པོ་གཏན་འབེབས་བྱས།

བཞི་ནི་ལམ་ལུགས་ཀྱི་ཁྱབ་རྒྱ་ཇེ་ཆེ་རུ་བཏང་། ཁེ་གཉེར་བཟོ་ཚོང་ཁྱིམ་ཚང་དང་ཉིན་ཧྲིལ་བོའི་ལམ་ལུགས་མིན་པའི་ལས་ཞུགས་མི་སྣ། སྟབས་བསྟུན་ལས་ཞུགས་མི་སྣ་གཞན་དག་བཅས་ཀྱིས་རང་མོས་ངང་སྡོད་ཁང་སྤྱི་གསོག་མ་དངུལ་བཅོལ་གསོག་བྱས་ཆོག་པ་དང་། གཏན་འཁེལ་ནང་བཞིན་སྲིད་ཇུས་ཀྱི་རྒྱབ་སྐྱོར་ལོངས་སུ་སྤྱད་ཆོག །


热门新闻

热门图库

热门排行