ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་ཁུ་ནུ་རིག་གནས་གླེང་སྟེགས་ཀྱི་སྐུ་མགྲོན་རྣམས་ལ་ཐུག་འཕྲད་གནང་བ།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས18ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་ནས་ཁུ་ནུ་རིག་གནས་གླེང་སྟེགས་ཀྱི་སྐུ་མགྲོན་རྣམས་ལ་ཐུག་འཕྲད་གནང་བྱས། ཞིན་ཧྭ་གསར་འགྱུར་ཁང་གི་མགོ་གཙོ་ལིའུ་ཅེན་དང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་སློབ་གླིང་གི་གླིང་གཙོ་གཞོན་པ་ཀྲུའོ་རོའུ། པེ་ཅིན་སློབ་ཆེན་མི་ཆོས་རིག་གནས་འཆད་ཁྲིད་ཀྱི་དགེ་རྒན་ཆེན་མོ་ལི་ལིན། བརྙན་འཕྲིན་ཟློས་གར《བླ་ཤིང》གི་འཁྲབ་ཁྲིད་པ་ལི་ཞའེ། རོལ་རྩལ་ཚན་རིག་མཉམ་འབྲེལ་གྱི་སྲོལ་འབྱེད་པ་ཡོས་རན་ཞིན། ཐིན་ཞོན་སྡེ་ཚོགས་ཀྱི་ཁྲོམ་ར་དང་སྤྱི་འབྲེལ་པུའུ་ཡི་སྤྱིའི་ལྟ་སྐུལ་བ་ཐང་ཡའེ་ཕིན་བཅས་ཀྱིས་གཏམ་བཤད་གནང་།
ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་སྐུ་མགྲོན་རྣམས་ཕེབས་པར་དགའ་བསུ་ཞུས་པ་དང་། རྣམ་པ་ཚོས་དུས་ཡུན་རིང་བོར་མཚོ་སྔོན་གྱི་རིག་གནས་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཞུས། ཁོ་གཉིས་ཀྱིས་བཤད་རྒྱུར། ཁུ་ནུ་རིག་གནས་ནི་མི་རིགས་ཁག་གིས་ལོ་རྒྱུས་ཀྱི་བཞུར་རྒྱུན་རིང་མོའི་ཁྲོད་ཐུན་མོང་གིས་གསར་བསྐྲུན་དང་། རྒྱུན་འཛིན་གསར་གཏོད་བྱས་པའི་ཕུལ་བྱུང་རིག་གནས་ཤིག་ཡིན་ལ། ཀྲུང་ཧྭའི་དཔལ་ཡོན་གྱི་འབྱུང་ཁུངས་དང་ཀྲུང་ཧྭའི་རིག་གནས་ཀྱི་མཚོན་བྱེད་གལ་ཆེན་ཞིག་ཀྱང་ཡིན། དེར་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་སྙིང་སྟོབས་དང་རིག་གནས་ཀྱི་མཚོན་དོན། ལྷ་སྒྲུང་གཏམ་རྒྱུད་དང་རིག་གནས་ལག་ལེན་སོགས་ཕྱོགས་གཅིག་ཏུ་བསྡུས་ཡོད་ལ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་དྲན་པ་དང་། ཐུན་མོང་གི་རེ་སྙེག ཐུན་མོང་གི་སྙིང་སྟོབས་བཅས་ཁུར་ཡོད། ནུས་ཤུགས་གང་ཡོད་བཏོན་ནས་ཁུ་ནུ་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་ནི། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ངོས་འཛིན་ཆེ་རུ་གཏོང་བ་དང། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ། འཛམ་གླིང་ཧྲིལ་བོར་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན། ཁུ་ནུ་རིག་གནས་ཀྱི་ལྟེ་བའི་དཀྱིལ་སྙིང་ས་ཁུལ་ཡིན་པའི་ངོས་ནས། མཚོ་སྔོན་གྱིས་ལྷན་རྒྱས་དང་མཉམ་དུ་ཕྱོགས་མི་འདྲ་བ་ནས་ཁུ་ནུ་རིག་གནས་ཀྱི་ཕུན་སུམ་ཚོགས་པའི་ནང་དོན་དང་དུས་རབས་ཀྱི་རིན་ཐང་སྔོག་འདོན་བྱེད་པ། ཁྱབ་ཁོངས་སོ་སོའི་མཉམ་ལས་ཟབ་སྤེལ་བཏང་སྟེ། མཚོ་སྔོན་གྱི་གཏམ་རྒྱུད་རྒྱུད་སྒྲོག་དང་མཚོ་སྔོན་གྱི་སྣང་བརྙན་འགྲེམ་སྟོན་བྱེད་པའི་ཕུལ་བྱུང་བརྩམས་ཆོས་མང་བོ་གཏོན་ནས། ཐུན་མོང་གིས་ཁུ་ནུ་རིག་གནས་ཀྱི་ལེའུ་ཆེན་མོ་ལེགས་པོར་བྲིས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་འཛུགས་སྐྲུན་ལ་སྔར་ལས་མང་བའི་རིག་གནས་ཀྱི་འདེགས་སྐྱོར་དང་བསམ་པའི་སྟོབས་ཤུགས་འབུལ་བར་རེ་བཞིན་ཡོད།
སྐུ་མགྲོན་རྣམས་ཀྱིས་བསྟན་དོན། མཚོ་སྔོན་གྱི་རི་ཆུའི་མཛེས་ལྗོངས་ལྟ་ན་སྡུག་ལ། རིག་གནས་ཀྱི་རྫོངས་མཐུག་ཅིང་ཁྱད་དུ་འཕགས་པའི་ཐོན་ཁུངས་ཡོད་པས། རིག་གཞུང་ཞིབ་འཇུག་དང་སྒྱུ་རྩལ་གསར་གཏོད། གསར་འགྱུར་དྲིལ་བསྒྲགས་བཅས་ལ་ཕུན་སུམ་ཚོགས་པའི་ཁྱད་སྟོབས་འདོན་སྤྲོད་བྱས་ཡོད། ཚང་མས་ཀྲུང་དབྱང་སྨྱན་སྦྱོར་གྱི་དྲིལ་བསྒྲགས་ལེགས་ཆ་དང་། ཚད་མཐོའི་རིག་མཛོད་ཞིབ་འཇུག་གི་ནུས་པ། རིག་གནས་སྒྱུ་རྩལ་གྱི་གསར་གཏོད་སྟོབས་ཤུགས་བཅས་འདོན་སྤེལ་གང་ལེགས་བྱེད་པ་དང་། ཁུ་ནུ་རིག་གནས་དང་རབ་མཛེས་མཚོ་སྔོན་གྱི་དྲིལ་བསྒྲགས་ཟབ་སྤེལ་བྱས་ནས། བརྒྱུད་བསྒྲགས་ནུས་པ་དང་ཤུགས་རྐྱེན་ལྡན་པའི་ཕུལ་བྱུང་བརྩམས་ཆོས་གསར་གཏོད་བྱས་ཏེ། གསོན་ཉམས་ལྡན་པའི་སྒོ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་གྱི་གཏམ་རྒྱུད་ལེགས་པོར་འཆད་དགོས།
ཞིང་ཆེན་གྱི་མགོ་ཁྲིད་ཝང་ཏ་ནན་དང་ཁྲིན་ཅི་ཝེ། སྐྱེ་ཁམས་ཁོར་ཡུག་པུའུ་དང་ཞིན་ཧྭ་གསར་འགྱུར་ཁང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་སོགས་འབྲེལ་ཡོད་སྡེ་ཁག་གི་བློ་མཐུན་རྣམས་ཐུག་འཕྲད་ལ་ཞུགས། །