གནད་བསྡུས། 详情

དོན་གྲུབ་ཀོས་ནན་རྫོང་གི་འཐུས་མི་ཚོགས་པའི་གྲོས་ཞིབ་ཁྲོད་ཞུགས་ཏེ་ཀོས་ནན་གྱི་ཁྱད་ཆོས་ལ་བརྟེན་ནས་ཁུལ་ཡོངས་ཀྱི་སྤུས་མཐོའི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ནུས་ཤུགས་འབུལ་དགོས་ཞེས་ནན་གྱིས་བསྟན།

2026-08-19 14:30:42 来源: 作者:པདྨ་ཚེ་རིང་། 编辑:བུ་མོ་མཆོག

ཟླ8པའི་ཚེས18ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་དོན་གྲུབ་ཁུལ་དམངས་ཆེན་སྐབས་བཅུ་དྲུག་པའི་ཀོས་ནན་རྫོང་གི་འཐུས་མི་ཚོགས་པའི་གྲོས་ཞིབ་ཁྲོད་ཞུགས་པ་དང་། ཚོགས་རའི་རྣམ་པ་འཁྲུག་ཆ་དོད་པ་དང་འཐུས་མི་ཚོས་སྲིད་གཞུང་བྱ་བའི་སྙན་ཞུར་དམ་པོར་དམིགས་ནས་བྱེ་འགྱུར་ཅན་བཅོས་སྐྱོང་དང་ཐོན་ལས་འཕེལ་རྒྱས། གྲོང་གསེབ་དར་སྤེལ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ཐད་ནས་རང་རང་གི་བསམ་ཚུལ་ལྷུག་པོར་བརྗོད།

དོན་གྲུབ་ཀྱིས་ཉན་ཞོར་དུ་ཟིན་ཐོ་འགོད་པ་དང་མཉམ་དུ་གླེང་མོལ་བྱས་ཏེ་འཐུས་མིས་བཏོན་པའི་བསམ་འཆར་དང་གྲོས་གཞི་ནན་ཏན་སྒོས་བསྡུ་ལེན་བྱས་ནས་ངེས་དོན་གྱིས་བྱ་བར་སྐུལ་འདེད་གཏོང་བའི་བྱེ་བྲག་གི་བྱེད་ཐབས་སུ་བསྒྱུར་རྒྱུ་ཡིན་པའི་བསམ་ཚུལ་བསྟན་པ་དང་། དོན་གྲུབ་ཀྱིས་ཀོས་ནན་རྫོང་གིས་ཉེ་བའི་ལོ་ཤས་རིང་སྐྱེ་ཁམས་བཅོས་སྐྱོང་དང་ཐོན་ལས་གསོ་སྐྱོང་། དམངས་ཚིས་ལེགས་བཅོས་སོགས་ཀྱི་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། ཁོས་ཀོས་ནན་ནི་ཞིང་ཆེན་ཡོངས་ཀྱི་བྱེ་འགྱུར་ཅན་བཅོས་སྐྱོང་བྱེད་སའི་ས་ཁུལ་གཙོ་བོ་ཡིན་པ་དང་། ཁུལ་ཡོངས་ཀྱི་ནུས་ཁུངས་གཙང་མ་དང་སྐྱེ་ལྡན་ཞིང་ཕྱུགས། སྐྱེ་ཁམས་རིག་གནས་ཡུལ་སྐོར་བཅས་ཀྱི་ཐོན་ལས་བཀོད་སྒྲིག་བྱེད་སའི་གནས་ཁུལ་གཙོ་བོ་ཞིག་ཀྱང་ཡིན་པས། ཐོན་ཁུངས་ཕུན་སུམ་ཚོགས་པ་དང་འཕེལ་རྒྱས་ཀྱི་གབ་ཤུགས་ཆེན་པོ་ལྡན། སྐྱེ་ཁམས་གཙོར་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་སྟེང་བློ་བརྟན་འགྱུར་མེད་སྒོས་བསྐྱོད་དེ། མགྱོགས་མྱུར་ངང་སྐྱེ་ཁམས་ཀྱི་གབ་ཤུགས་དེ་ཐོན་ལས་ཀྱི་འགྲན་རྩོད་ནུས་པར་བསྒྱུར་བ་དང་། ཐོན་ཁུངས་ཀྱི་དགེ་མཚན་དེ་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པར་བསྒྱུར་ནས་སྐྱེ་ཁམས་ལེགས་པ་དང་ཞིང་ཕྱུགས་ཀྱི་རྨང་གཞི་བརྟན་པ། ཁྱད་ལྡན་ནུས་སྩོལ་བཅས་ཀྱི་རྫོང་ཁོངས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པར་ཤུགས་སྣོན་བྱ་དགོས་ཞེས་བསྟན། དོན་གྲུབ་ཀྱིས་མུ་གེ་ཐང་ས་ཁོངས་མ་ལག་བཅོས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ལམ་སྲོལ་ཚོད་ལྟའི་ས་ཚིགས་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཤུགས་ཆེན་པོས་ཞིང་ཆེན་ཡོངས་ཀྱི་མཐོ་སྒང་གི་བྱེ་འགྱུར་ཅན་ཕྱོགས་བསྡུས་བཅོས་སྐྱོང་གི་དཔེ་སྟོན་གཏོད་དགོས། ནུས་ཁུངས་གཙང་མའི་གཞི་ཁྱོན་ཅན་གྱི་གསར་སྤེལ་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། ཁུངས་དྲ་ཁུར་གསོག་མཐུན་སྦྱོར་འཕེལ་རྒྱས་གཏོང་བར་གཅིག་གྱུར་འཆར་འགོད་བྱེད་པ། བ་རིང་ཆུ་འཐེན་ནུས་གསོག་གློག་འདོན་ས་ཚིགས་སོགས་གཙོ་གནད་ལས་གཞིའི་འཛུགས་སྐྲུན་ལ་ཞབས་ཞུ་དང་འགན་སྲུང་ལེགས་པོ་བྱེད་པ་དང་། མཚོ་ལྷོའི་ནུས་ཁུངས་གཙང་མ་ཕྱིར་སྐྱེལ་རྟེན་གཞི་འཛུགས་སྐྲུན་བྱེད་པའི་ལས་འགན་ལ་བརྟན་པོའི་ངང་སྐུལ་འདེད་བཏང་སྟེ། ནུས་ཁུངས་གཙང་མའི་ཐོན་ལས་སྟོབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། ལུག་ནག་དང་སྤུས་ལེགས་ནས། སྐྱེ་ཁམས་གཟན་རྩྭ་སོགས་གཙོ་ཁྲིད་ཐོན་རྫས་རིགས་ལ་དམིགས་ནས། གཞི་ཁྱོན་ཅན་གྱི་འདེབས་འཛུགས་རྟེན་གཞི་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། ལུག་ནག་གི་རྒྱུད་བཟང་སྤེལ་བ་དང་ཚད་ལྡན་ལྟར་གསོ་སྤེལ་བྱེད་པ། ལས་སྣོན་ཞིབ་ཚགས་བྱེད་པ། སྤུས་རྟགས་ཚོང་གཉེར་བཅས་ཀྱི་ཆུ་ཚད་མཐོར་འདེགས་སུ་བཏང་ནས་སྤུས་ཚད་ལེགས་པ་དང་རིན་གོང་བཟང་པོ་ཡོང་བར་བྱ་དགོས། བྲག་དཀར་རི་བོའི་མཛེས་ལྗོངས་ཁུལ་གསར་སྤེལ་བྱ་བར་ཚད་གཞི་མཐོན་པོས་སྐུལ་འདེད་བཏང་སྟེ། ཀོས་ནན་གྱི་གཙག་དྲུབ་ཐོན་ལས་སྟོབས་ཆེར་གཏོང་བ་དང་། རྩྭ་ཐང་གི་ལྟ་སྐོར་དང་ཕྱུགས་ལས་འཚོ་བའི་ཉམས་ལེན། གྲོང་གསེབ་སྤྲོ་གསེང་སོགས་རིག་གནས་ཡུལ་སྐོར་གྱི་ལས་རྣམ་ལ་གཞི་བཙུགས་ནས་མཐོ་སྒང་ལྗོངས་ཕྱིའི་བྱ་འགུལ་དང་དམངས་སྲོལ་དུས་སྟོན། གཟུགས་འདས་ཤུལ་བཞག་རིག་གནས་འགྲེམ་སྟོན་སོགས་ཁྱད་ཆོས་ལྡན་པའི་བྱེད་སྒོ་རྒྱུན་མཐུད་ངང་ཡག་པོ་སྤེལ་ནས། གང་མགྱོགས་སྒོས་ཁྱད་པར་ཅན་གྱི་རིག་གནས་ཡུལ་སྐོར་གྱི་འགྲན་རྩོད་ཀྱི་བཟང་ཆ་འདོན་སྤེལ་བྱ་དགོས། ཚད་གཞི་མཐོན་པོའི་དོ་དམ་དང་སྤུས་མཐོའི་སློབ་གསོ། བྱང་ཚད་མཐོ་བའི་དགེ་རྒན་བཅས་ཀྱིས་མཉམ་ཤུགས་འདོན་པ་རྒྱུན་འཁྱོངས་བྱས་ཏེ། མང་ཚོགས་ཡིད་ཚིམ་པའི་རྨང་གཞིའི་སློབ་གསོ་ལེགས་པོར་གཉེར་དགོས་པ་དང་། སྤུས་ལེགས་ཀྱི་ནད་བརྟག་སྨན་བཅོས་ཀྱི་ཐོན་ཁུངས་མུ་མཐུད་དུ་གཞི་རིམ་ལ་ཁ་ཕྱོགས་པར་སྐུལ་འདེད་གཏོང་བ་དང་། སྐོར་སྐྱོད་སྨན་བཅོས་བྱ་བ་གཏིང་ཟབ་ཀྱིས་སྤེལ་ཏེ་མང་ཚོགས་ཀྱིས་རང་ཁྱིམ་སྒོ་ཁར་སྔར་བས་སྟབས་བདེ་ཞིང་སྤུས་ལེགས་པའི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བྱ་དགོས། སེམས་རྣལ་དུ་ཕབ་ནས་མང་ཚོགས་ཀྱི་རེ་སྒུག་དང་སེམས་ཁྲལ་ཐག་གཅོད་བྱས་ནས་དམངས་ཚིས་ཀྱི་མ་མཐའི་ཚད་ཐིག་བརྟན་སྲུང་བྱས་ཏེ། དངོས་སྒྲུབ་དངོས་འབྲས་ལ་བརྟེན་ནས་མང་ཚོགས་ཀྱི་རེ་སྒུག་ལ་ལན་སློག་པ་དང་སྤུས་མཐོའི་འཕེལ་རྒྱས་ཀྱི་དམངས་ཚིས་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་ཞེས་ནན་གྱིས་བསྟན། 


热门新闻

热门图库

热门排行