འཇར་པན་གྱི་ཆབ་སྲིད་འགོ་ཁྲིད་པས་ཅིན་གོ་ལྷ་ཁང་ལ་མཆོད་འབུལ་བྱས་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངོ་རྒོལ་དྲག་པོ་བྱས།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་གྱིས་ཆ་རྐྱེན་ཅི་ཡང་མེད་པར་མགོ་སྒུར་ནས་ལོ་ངོ81འགོར་བའི་སྐབས་སུ། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཀའོ་ཧྲི་ཙའོ་མཱེའོ་ཡིས་རང་དབང་དམངས་གཙོ་ཏང་གི་ཙུང་ཚེ་ཡི་ཐོབ་ཐང་གིས་འཛམ་གླིང་འཁྲུག་ཆེན་གཉིས་པའི་ཀ་རིམ་པའི་འཐབ་འཁྲུག་ཉེས་ཅན་མཆོད་སའི་ཅིན་གོ་ལྷ་ཁང་མཆོད་ཡོན་ཕུལ་བ་དང་། འཇར་པན་སྲིད་གཞུང་གིས་སྤེལ་བའི་རྒྱལ་ཡོངས་ཀྱི་འཐབ་མོ་བའི་རྗེས་དྲན་མཛད་སྒོའི་སྔོན་ལ་རླངས་འཁོར་འཇོག་ས་ནས་ཅིན་གོ་ལྷ་ཁང་གི་ཕྱོགས་སུ་རྒྱང་ནས་ཕྱག་འཚལ་བ་རེད། དེ་ལས་གཞན་འཇར་པན་རྒྱལ་སྲུང་བློན་ཆེན་ཞའོ་ཆོན་ཅིན་ཚི་ལིང་སོགས་ཆབ་སྲིད་འགོ་ཁྲིད་པ་མང་བོ་སོ་སོར་ཅིན་གོ་ལྷ་ཁང་དུ་མཆོད་མཇལ་ལ་སོང་། དེ་ནི་འཇར་པན་གྱིས་བསྟུད་མར་ལོ་བདུན་ལ་ཆབ་སྲིད་འགོ་ཁྲིད་པས་ཅིན་གོ་ལྷ་ཁང་ལ་མཆོད་མཇལ་བྱས་པ་རེད། འཇར་པན་ཕྱོགས་ཀྱི་ནོར་འཆུག་གི་བྱ་སྤྱོད་དེར་རྒྱལ་སྤྱིའི་སྤྱི་ཚོགས་དང་འཇར་པན་རྒྱལ་ནང་གི་ཞི་བདེ་ལ་དགའ་བའི་མི་རྣམས་ཀྱིས་ངོ་རྒོལ་དྲག་པོ་བྱས།

ཧན་གོའི་ཕྱི་འབྲེལ་པུའུ་ཡིས་མགྲིན་ཚབ་པའི་མིང་ཐོག་ནས་དཔྱད་བརྗོད་སྤེལ་ཏེ། ཧན་གོའི་སྲིད་གཞུང་གིས་འཇར་པན་གྱི་ཆབ་སྲིད་འགོ་ཁྲིད་པས་ལོ་རྒྱུས་བརྗེད་ནས་དུས་རབས་ཀྱི་རླབས་རྒྱུན་དང་འགལ་བའི་བྱ་སྤྱོད་དེ་འདྲ་སྤེལ་བར་འཕང་སེམས་སྐྱེས་པའི་ཚུལ་བསྟན་པ་དང་། འཇར་པན་གྱི་འགོ་ཁྲིད་པས་ལོ་རྒྱུས་ལ་གདོང་གཏད་དེ། དོན་དངོས་བྱ་སྤྱོད་ལས་ལོ་རྒྱུས་སེམས་ཞིབ་མོས་བསམ་གཞིགས་བྱེད་པ་མཚོན་པར་བྱེད་དགོས་པའི་སྐུལ་མ་བཏང་།
ཧན་གོའི་སྲིད་འཛིན་ཏང་ཐུན་མོང་དམངས་གཙོ་ཏང་གིས་ཡིག་ཐོག་གི་གསལ་སྒྲོག་སྤེལ་ཏེ། ཀའོ་ཧྲིའི་ནེ་ཀི་ཡིས་ཅིན་གོ་ལྷ་ཁང་ལ་མཆོད་མཇལ་བྱས་པ་ལས། ཀའོ་ཧྲིའི་ནེ་ཀི་དང་སྲིད་འཛིན་ཏང་གིས་འཐབ་འཁྲུག་གི་ནག་ཉེས་དང་ཕམ་ཁ་མྱངས་པའི་ལོ་རྒྱུས་མ་བྱས་པ་དང་། དུས་རབས་ཀྱི་རླབས་རྒྱུན་དང་འགལ་བའི་དཀྲུག་འཕེན་དང་འགན་མི་ཁུར་བའི་བྱ་སྤྱོད་མངོན་པར་མཚོན་ཡོད་ཟེར། ཧན་གོའི་ཆེས་ཆེ་བའི་སྲིད་དབང་བཟུང་མེད་པའི་ཏང་ཁག་རྒྱལ་དམངས་སྟོབས་ཤུགས་ཏང་གི་གྲོས་མི། རྒྱལ་ཚོགས་ཕྱི་འབྲེལ་གཅིག་གྱུར་ཨུ་ཡོན་ལྷན་ཁང་གིས་སྲིད་དབང་བཟུང་མེད་པའི་ཏང་གི་ལས་འཛིན་པ་ཅིན་ཏཱ་ཀྲི་ཡི་སྨྱན་བྱད་སྟེང་བསྟན་དོན། འཇར་པན་གྱི་འགོ་ཁྲིད་པས་བཙན་འཛུལ་གྱི་ལོ་རྒྱུས་ལ་གདོང་གཏོད་དགོས་པ་དང་། དོན་དངོས་བྱ་སྤྱོད་ལས་ངེས་པ་དོན་གྱིས་རྟོགས་སད་བྱུང་ཡོད་པ་མངོན་པར་བྱེད་དགོས་ཟེར།
ཨུ་རུ་སིའི་འཛམ་གླིང་འཁྲུག་ཆེན་གཉིས་པའི་ལོ་རྒྱུས་རིག་པ་སྨྲ་བའི་མཐུན་ཚོགས་ལག་བསྟར་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མི་ཁི་ཧྲི་ཅིན་གྱིས་བཤད་རྒྱུར། འཇར་པན་གྱིས་ཡང་བསྐྱར་དམག་དོན་ཅན་ལ་སྐུལ་འདེད་བཏང་བ་ནི་འཇིགས་ཉེན་ཆེན་པོ་ཞིག་ཡིན་ཞིང་། འཇར་པན་རང་སྟེང་དང་ཨེ་ཤ་ཡཱ་ཤར་མ། ཨེ་ཤ་ཡཱ་ཤར་ལྷོའི་རྒྱལ་ཁབ་ཚང་མར་མཇུག་འབྲས་ཚབས་ཆེན་བཟོ་སྲིད། འཇར་པན་གྱིས་གསོད་རྨས་རང་བཞིན་གྱི་མཚོན་ཆ་ཕྱིར་གཏོང་བྱེད་པའི་བཀག་རྒྱ་ལྷོད་པར་མ་ཟད་དམག་ཆས་གྲབས་གསོག་རྒྱ་བསྐྱེད་བྱས། འཇར་པན་དུ་མི་ལ་ལས་བསམ་བཞིན་དུ་ཉིང་རྡུལ་ནུས་པ་མེད་པའི་རྩ་དོན་གསུམ་རྩ་རྫོགས་བྱེད་རྩིས་ཡོད་པའི་མི་ཚད་རྒྱལ་ཁབ་གཞན་པ་ནས་ཉིང་རྡུལ་ནུས་པའི་མཚོན་ཆ་ནང་འདྲེན་བྱེད་པར་ལྐོག་གྲོས་བྱེད་བཞིན་ཡོད་སྐད། འཇར་པན་རྒྱལ་ནང་དུ་སྤྱི་ཚོགས་སྟོབས་ཤུགས་མང་བོས་འཇར་པན་གྱིས་ཡང་བསྐྱར་དམག་དོན་ཅན་ལ་སྐུལ་འདེད་བཏང་ན་ཉེན་ཁ་ཧ་ཅང་ཆེ་བ་ངོས་ཟིན་ཡོད། ཉེ་སྔོན་འཇར་པན་རྒྱལ་ནང་དུ་ཀའོ་ཧྲིའི་ནེ་ཀི་ཡིས་ཡང་བསྐྱར་དམག་དོན་ཅན་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་ལ་ངོ་རྒོལ་བྱེད་བཞིན་ཡོད་ལ། ངོ་རྒོལ་བྱེད་མཁན་གྱིས་ཀའོ་ཧྲི་ཙའོ་མཱེའོ་ཡིས་མྱུར་མོར་དབུ་བཞུགས་བློན་ཆེན་གྱི་ལས་འགན་བསྐྱུར་དགོས་པའི་རེ་བ་འདོན་བཞིན་ཡོད་ཟེར།
མཱ་ལེ་ཞི་ཡཱའི་རྒྱལ་ཚོགས་ཀྱི་གྲོས་མི་ཁྲིན་གོ་ཝེ་ཡིས་བཤད་རྒྱུར། འཇར་པན་གྱིས་མིག་སྔར་རྒྱལ་སྲུང་བཟོ་ལས་རྒྱ་བསྐྱེད་པ་དང་། དམག་དོན་བཟོ་ལས་ཐོན་སྐྱེད་ལ་ཤུགས་སྣོན་བྱེད་ལ། བསྟུད་མར་འཐབ་འཁྲུག་ནུས་པ་མཐོར་འདེགས་བྱེད་པའི་སྲིད་ཇུས་འཕེལ་ཕྱོགས་ལ་ཀུན་གྱིས་སེམས་ཁུར་བྱེད་བཞིན་ཡོད་ཟེར། ཁོས་ནན་གྱིས་བསྟན་དོན། རྒྱལ་ཁབ་ཅིག་གིས་གནོད་ཐེབས་མཁན་གྱི་ཐོབ་ཐང་ཁོ་ནས་ལོ་རྒྱུས་གླེང་ནས། རང་ཉིད་ཀྱིས་སྔོན་ཆད་གཞན་པར་གནོད་སྐྱེལ་བར་གཡོལ་མི་རུང་། ཀུན་སྤྱོད་ཀྱི་སྟོབས་ཤུགས་ལྡན་པའི་རྒྱལ་ཁབ་རྣལ་མ་ཞིག་ཡིན་ན་ལོ་རྒྱུས་ཀྱི་འགན་འཁྲི་ཁུར་དུ་ལེན་དགོས་ཟེར།
ཨོ་སི་ཁྲུ་ལི་ཡཱའི་ས་ཁུལ་ཆབ་སྲིད་ཉེན་ཁའི་ཆེད་མཁས་པ་ལོས་ཨིན་གྱིས་བསྟན་དོན། འཇར་དམག་གིས་ཕྱི་ཕྱོགས་ལ་བཙན་འཛུལ་བྱས་པའི་ལོ་རྒྱུས་ལས་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་ཧྲིལ་བོར་གནོད་པ་ཚབས་ཆེན་བཟོས་ཡོད། ལོ་རྒྱུས་ཀྱི་རྒྱུ་ཆ་མང་བོ་ལས་བདེན་དཔང་བྱས་དོན། ཨོ་སི་ཁྲུ་ལི་ཡཱའི་མང་ཚོགས་དང་དམག་མིས་འཇར་པན་བཙན་འཛུལ་འཐབ་འཁྲུག་གི་དཀའ་སྡུག་མྱངས་མྱོང་ཡོད། ད་ལྟ་འཇར་པན་གྱིས་ཞི་བདེའི་རྩ་ཁྲིམས་བཟོ་བཅོས་བྱེད་པར་བཙན་གྱིས་སྐུལ་འདེད་གཏོང་བ་ནི་སྔར་མེད་ཀྱི་ཉེན་ཁའི་བྱ་སྤྱོད་ཅིག་རེད། ང་ཚོས་དམག་རྒྱལ་རིང་ལུགས་རྒྱ་བསྐྱེད་པའི་གནས་ཚུལ་མཐོང་འདོད་མེད་པ་དང་། དེ་ལས་འཁྲུག་རྩོད་སྔར་ལས་མང་བོ་འབྱུང་སྲིད་ཟེར།
ཧྥེ་ལེ་པེན་གྱི་འདོད་སེལ་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོབ་རྩ་འཛུགས་ཧྥེ་ལེ་པེན་རྨོ་མོའི་མནའ་འབྲེལ་གྱི་མཐུན་སྦྱོར་བ་ཞེ་ཨར་ཝ་ཡིས་བསྟན་དོན། འཇར་པན་སྲིད་གཞུང་གིས་མང་ཚོགས་ཀྱིས་ངོ་རྒོལ་དྲག་པོ་བྱེད་པར་ཁ་ཡ་མི་བྱེད་པར། ཐབས་བརྒྱ་ཇུས་སྟོང་གིས་ཞི་བདེའི་རྩ་ཁྲིམས་དང་འགོག་སྲུང་རྩ་དོན་ལ་གཏོར་བརླག་བཏང་སྟེ། འགོག་སྲུང་སྔོན་རྩིས་ལྡབ་འགྱུར་གྱིས་ཇེ་མང་དུ་བཏང་བ་དང་དམག་དོན་བཟོ་ལས་མ་ལག་རྒྱ་བསྐྱེད་བཞིན་ཡོད། ཧྥེ་ལེ་པེན་རྨོ་མོའི་མནའ་འབྲེལ་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་འདོད་སེལ་བུད་མེད་དག་གི་ཆེད་དུ་དྲང་བདེན་རྩོད་པ་དང་འཐབ་འཁྲུག་ལ་ངོ་རྒོལ་བྱེད་པའོ་འབོད་སྐུལ་གཏོང་འདོད་ཡོད་ཟེར།
ཚེས15ཉིན་གྱི་ཕྱི་དྲོར། འཇར་པན་གྱི་མང་ཚོགས་མང་བོས་ཏུང་ཅིང་དན་ལུའུ་སྤྱི་གླིང་དུ་འདུ་ཚོགས་བསྡུས་ནས་ཅིན་གོ་ལྷ་ཁང་ལ་ངོ་རྒོལ་བྱས་པ་དང་། དེའི་རྗེས་སུ་ཡང་བསྐྱར་རྔམ་སྟོན་ཁྲོམ་སྐོར་བྱས། ངོ་རྒོལ་མཁན་གྱིས་ཅིན་གོ་ལྷ་ཁང་བཤིག་དགོས་པ་དང་དམག་རྒྱལ་རིང་ལུགས་ལ་ངོ་རྒོལ་བྱེད། འཐབ་འཁྲུག་གི་རྒྱལ་ཁབ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད། ཀའོ་ཧྲི་ཡིས་ལས་འགན་བསྐྱུར་དགོས་ཞེས་པ་སོགས་ཀྱི་འཕྲེད་བྱང་བཟུང་སྟེ། ཅིན་གོ་ལྷ་ཁང་གིས་འཇར་པན་དམག་རྒྱལ་རིང་ལུགས་ལ་བླ་འགུག་བྱས་པར་ངོ་རྒོལ་བྱས།
འཇར་པན་གྱི་ངོ་རྒོལ་མཁན་ཞིག་གིས་བཤད་རྒྱུར། འཇར་པན་གྱི་དམག་མི་དེ་དག་གི་ཤི་རྐྱེན་བླ་མེད་ཀྱི་རང་སྲོག་བློས་གཏོང་གི་སྙིང་སྟོབས་སུ་བཤད་པ་ནི་རྫུན་གཏམ་ཁོ་ན་ཡིན་ལ། ཟླ་བརྒྱད་པའི་ཚེས15ཉིན་ནི་འཇར་པན་བས་ངེས་པར་དུ་འགྱོད་བཤགས་བྱེད་དགོས་པའི་ཉིན་མོ་ཞིག་ཡིན་ཟེར།
འཇར་པན་ཧྲན་ཁུག་སློབ་ཆེན་གྱི་མཚན་འཛིན་དགེ་རྒན་ཆེན་མོ་ཧྭ་ཞེ་ཧིག་ཡིས་གསར་འགོད་པར་བསྟན་དོན། ཅིན་གོ་ལྷ་ཁང་ནི་བཙན་འཛུལ་མཁན་གྱི་ལྷ་ཁང་ཞིག་ཡིན་པ་དང་། དམག་རྒྱལ་རིང་ལུགས་ཀྱི་བསམ་པའི་རྒྱགས་ཕྱེ་ཡང་ཡིན། ཀའོ་ཧྲི་ཙའོ་མཱེའོ་ཡིས་སྔོན་ཆད་ཐེངས་མང་བོར་མཆོད་མཇལ་བྱས་མྱོང་བ་དང་། ཐེངས་འདིར་རང་དབང་དམངས་གཙོ་ཏང་གི་ཙུང་ཚེ་ཡི་ཐོབ་ཐང་གིས་འབུལ་ཡོན་ཕུལ་བ་དང་། ཕྱི་ཕྱོགས་ལ་འཇར་པན་སྲིད་འཛིན་ལས་ཁུངས་ཀྱིས་བཙན་འཛུལ་འཐབ་འཁྲུག་གི་བསམ་བློའི་མགོ་ཁུངས་ལ་ཁས་ལེན་བྱེད་པའི་ཚུལ་བསྟན། བྱ་སྤྱོད་དེ་རིགས་ཉེན་ཁ་ཧ་ཅང་ཆེ་བ་དང་། འཇར་པན་གྱི་ཆབ་སྲིད་སྔར་ལས་ལྷག་པའི་སྒོ་ནས་གཡས་ཕྱོགས་སུ་ལྷུང་བཞིན་པ་མཚོན་ཡོད་པས། དོགས་ཟོན་མཐོར་འདེགས་བྱེད་དགོས་ཡོད།
འཇར་པན་གྱི་ཚོན་ཧྲན་གྲོས་མོལ་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་ལས་འཛིན་དཔོན་ཐུན་ཐེན་ཀའོ་ཅིན་གྱིས་བལྟས་ན། འཇར་པན་སྲིད་འཛིན་ལས་ཁུངས་ཀྱིས་བཙན་འཛུལ་འཐབ་འཁྲུག་ལ་བློ་འགྱོད་བྱེད་ཀྱིན་མེད་པར་མ་ཟད། བཙན་འཛུལ་འཐབ་འཁྲུག་ལ་བཟུང་བའི་ལྟ་ཚུལ་དེ་ལོ་ངོ80ཡར་སྔོན་འཇར་པན་འཐབ་འཁྲུག་གི་གནས་སུ་དེད་པའི་ཆབ་སྲིད་མི་སྣ་དག་དང་གཅིག་འདྲ་རེད་ཟེར།
འཇར་པན་གྱི་ཨེ་ཀྲི་རྫོང་ཞི་བདེ་ཨུ་ཡོན་ལྷན་ཁང་གིས་བསྟན་དོན། ཞའོ་ཆོན་ཅིན་ཚི་ལིང་སོགས་ཀྱིས་བཙན་འཛུལ་འཐབ་འཁྲུག་ཡག་བསྒྱུར་བྱེད་པའི་ཅིན་གོ་ལྷ་ཁང་ལ་མཆོད་མཇལ་བྱས་པ་ནི་འཐབ་འཁྲུག་ཁྲོད་ཀྱི་ཚེ་འདས་མཁན་ལ་གུས་མེད་བྱས་པ་རེད་ཟེར། ཨེ་ཀྲི་རྫོང་ཞི་བདེ་ཨུ་ཡོན་ལྷན་ཁང་གིས་ད་རུང་འཇར་པན་གྱི་ཆབ་སྲིད་འགོ་ཁྲིད་པས་བཙན་འཛུལ་འཐབ་འཁྲུག་གི་འགན་འཁྲིར་གདོང་གཏོད་དགོས་པའི་སྐུལ་མ་བཏང་། །