གནད་བསྡུས། 详情

​ཞུང་ཡོན་ལའེ་ཞིན་ཧེ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཏེ། སྙིགས་དོར་བཅུད་ལེན། དགེ་མཚན་འདོན་སྤེལ། དངོས་འཛིན་དངོས་སྒྲུབ་བཅས་བྱས་ནས། དེང་རབས་ཅན་གྱི་མཚོ་ལྷོའི་འཕེལ་རྒྱས་ལ་ནུས་པ་སྔར་ལས་ཆེན་པོ་འདོན་དགོས་ཞེས་ནན་གྱིས་བསྟན།

ཟླ8པའི་ཚེས17ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཁུལ་སྐབས་བཅུ་དྲུག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོའི་ཞིན་ཧེ་འཐུས་མི་ཚོགས་པའི་གྲོས་ཞིབ་ཁྲོད་ཞུགས་ནས། འཐུས་མི་རྣམས་དང་མཉམ་དུ་སྲིད་གཞུང་གི་བྱ་བའི་སྙན་ཞུར་གྲོས་ཞིབ་གནང་བ་རེད། ཁོང་གིས་གནས་བབ་གསར་པ་དང་ལས་འགན་གསར་པ། བླང་བྱ་གསར་པ་བཅས་ཁོང་དུ་ཡང་དག་པར་ཆུད་པར་བྱས་ཏེ། ཁུལ་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་སྤྱི་ཡོངས་བཀོད་སྒྲིག་དང་ཁུལ་ཚོགས་ཆེན་གཉིས་ཀྱི་ཞིབ་ཕྲའི་ལས་འགན་ལྟར། སྙིགས་དོར་བཅུད་ལེན་དང་དགེ་མཚན་འདོན་སྤེལ། དམ་པ་དོན་གཉེར་བཅས་བྱས་ནས། དེང་རབས་ཅན་གྱི་མཚོ་ལྷོའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ལེན་པར་ནུས་ཤུགས་འདོན་དགོས་ཞེས་ནན་གྱིས་བསྟན།

གྲོས་ཞིབ་ཁྲོད་ཨན་ན་དང་ཧྲི་ཀྲིན་མིང་། ཁུང་ཧྥན་ལིན་བཅས་འཐུས་མི་གསུམ་གྱིས་རང་རང་གི་བྱ་བ་དང་འབྲེལ་ཏེ་ཅན་བཅུའི་ཏང་འཛུགས་ལ་སྐུལ་འདེད་གཏོང་བ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་ཡར་ཐོན། མི་སྡོད་ཁོར་ཡུག་བཅོས་སྐྱོང་། བོད་ལུགས་གསོ་རིག་ཐོན་ལས་འཕེལ་རྒྱས། ཕྱུགས་ལས་ཀྱི་གྲངས་འབོར་གཏན་འཇགས་དང་ཕྱིར་གཏོང་རྒྱ་སྐྱེད། རྨང་གཞིའི་སྒྲིག་བཀོད་མཐོར་འདེགས་སོགས་ཀྱི་ཕྱོགས་ནས་བླངས་བའི་གྲུབ་འབྲས་གླེང་བ་དང་མྱོང་ཚོར་བཤད་པ། བསམ་འཆར་འདོན་པ་བཅས་བྱས་པར་ཞུང་ཡོན་ལའེ་ཡིས་ནན་ཏན་གྱིས་གསན་པར་མ་ཟད། འཐུས་མི་རྣམས་དང་མཉམ་དུ་གྲོས་བསྡུར་ཡང་གནང་བ་རེད།

ཞུང་ཡོན་ལའེ་ཡིས་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་དུས་སྐབས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་མཚོ་ལྷོ་འཛུགས་སྐྲུན་བྱེད་པའི་འགག་རྩའི་དུས་སྐབས་ཤིག་དང་། ཞིན་ཧེའི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་གོ་སྐབས་བཟང་བོ་ཞིག་ཀྱང་ཡིན་པས། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ། རང་རྟོགས་སྒོས་ཚད་གཞི་དང་མཐུན་པར་བྱེད་པ། བརྗོད་དོན་ལ་གོ་བ་ཟབ་མོ་ལེན་པ། བསམ་བློའི་གོ་རྟོགས་མཐོར་འདེགས་སུ་གཏོང་བའི་ཁྲོད་བསམ་ཕྱོགས་གསལ་བོ་བཟོ་བ་དང་། ཁ་ཕྱོགས་ཡང་དག་འཚོལ་བ། བྱེད་ཐབས་ཁོང་དུ་ཆུད་པར་བྱེད་པ་བཅས་བྱས་ནས། བྱ་སྤྱོད་དངོས་ཀྱི་ཐོག་ནས་གཏན་འཁེལ་གཉིས་ལ་བློ་བརྟན་འགྱུར་མེད་ཀྱིས་བརྩི་སྲུང་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་ཐུབ་པར་བྱ་དགོས། ཏང་འཛུགས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མི་དམངས་མང་ཚོགས་ལ་བརྩེ་བ་ཟབ་མོ་བཅངས་ནས་ཅན་བཅུའི་ཏང་འཛུགས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། གཉིས་འབྲེལ་མཉམ་འཛུགས་བྱ་འགུལ་ཏན་ཏིག་གིས་སྤེལ་བ། སྟབས་བསྟུན་བེད་སྤྱོད་ཆེ་བའི་བྱེད་ཐབས་དངོས་སྤྱད་དེ། ཕྱི་ཚུལ་རིང་ལུགས་མཐའ་གཅིག་ཏུ་དོར་བ་བཅས་བྱས་ནས། མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་ཐག་གཅོད་ལེགས་པོ་བྱེད་པའི་ཁྲོད་དུ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་སྣེ་ཁྲིད་ཀྱི་ནུས་པ་དང་མང་ཚོགས་ཀྱི་གཅིག་སྒྲིལ་ནུས་པ་མཐོར་འདེགས་སུ་གཏོང་དགོས། བློ་སེམས་རྩེ་གཅིག་གིས་དམངས་ཚིས་འགན་ལེན་དང་ལེགས་བཅོས་བྱས་ཏེ། ཚད་གཞི་མཐོ་བའི་སྒོ་ནས7·28ས་ཡོམ་གནོད་ཐེབས་རྗེས་ཀྱི་བསྐྱར་སྐྲུན་བྱ་བ་ལེགས་པར་བསྒྲུབ་པ་དང་། མཁར་གྲོང་གི་མི་སྡོད་ཁོར་ཡུག་ལེགས་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ། ས་ཡོམ་འགོག་བཅོས་དང་འགྲིམ་འགྲུལ། སྡོད་ཁང་བདེ་འཇགས། འཕྲིན་གཏོང་དྲ་བ་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་སྤྱི་འདོམས་ཀྱིས་ཁ་གསབ་དང་སྟོབས་ཆེར་གཏོང་བ། ལས་ཞུགས་གནས་སྤོར་དང་ངལ་རྩོལ་ཕྱིར་གཏོང་གི་ཐབས་ལམ་རྒྱ་སྐྱེད་པ། མང་ཚོགས་ཀྱི་ཆོས་ལུགས་ཐད་ཀྱི་ཁུར་པོ་ཇེ་ཡང་དུ་གཏོང་བ་བཅས་བྱས་ཏེ། རིགས་སོ་སོའི་མང་ཚོགས་ཀྱིས་བློ་བརྟན་འགྱུར་མེད་སྒོས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་བ་བཅས་ལ་སྣེ་ཁྲིད་བྱ་དགོས། རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ་འདིང་དགོས་ཤིང་། ནོར་གནག་དང་བོད་ལུག ནས། པད་ཁ། གཟན་རྩྭ་སོགས་ཁྱད་ཆོས་ལྡན་པའི་ཐོན་ལས་ལེགས་པོར་སྒྲུབ་པ་དང་། སྤུས་རྟགས་བསྐྲུན་པར་ཤུགས་སྣོན་པ། སྣེ་གཅིག་གིས་ཁྱོན་ཡོངས་ལ་སྣེ་ཁྲིད་དེ་ཐོན་སྐྱེད་འཕེལ་རྒྱས་ཀུང་ཟི་འདེམས་འཛུགས་དང་འདེགས་སྐྱོར་བྱེད་པ། སྔོན་འགྲོའི་བྱ་བ་ལེགས་པོར་བསྒྲུབས་པ། ལུ་གུའི་དཔལ་འབྱོར་སྟོབས་ཆེར་གཏོང་བ། སྡེ་བའི་ཐུན་མོང་དཔལ་འབྱོར་སྟོབས་ལྡན་དུ་གཏོང་བ། ལས་གཞི་གལ་ཆེན་འཛུགས་སྐྲུན་གྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ། ཞིང་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་ལས་བཅས་མང་འདུས་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བར་བྱ་དགོས་ཞེས་བསྟན།


热门新闻

热门图库

热门排行