སྲིད་དོན། 详情

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཐེངས་དང་པོ་གཟབ་རྒྱས་ངང་འཚོགས་པ།

2026-08-17 16:36:03 来源: 作者: 编辑:བུ་མོ་མཆོག།

རང་ཚགས་པར་གྱི་འཕྲིན། ཟླ8པའི་ཚེས17ཉིན་གྱི་སྔ་དྲོར།མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཐེངས་དང་པོ་ཁུལ་གྲོས་ཚོགས་ལྟེ་གནས་སུ་ཚོགས་གཟབ་རྒྱས་ངང་འཚོགས་ཤིང་། ཚོགས་འདུར་ཞུགས་དགོས་པའི་འཐུས་མི254ཡོད་པ་དང་ཚོགས་ཆེན་ལ་དངོས་སུ་ཞུགས་པའི་འཐུས་མི245ཡོད་པས་ཁྲིམས་བཀོད་མི་གྲངས་དང་མཐུན། 

ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཞུང་ཡོན་ལའེ་དང་ཚེ་བརྟན་སྒྲོལ་མ།  ཀའོ་ཡུང་ཧུང་།  ཀྲང་ཏི་ཞན།  ཀུན་བཟང་པདྨ་རྣམ་རྒྱལ།  མ་ཧྲའོ་ཧྥུའུ།  ཀྲུའུ་ལིན།  ཡན་ཧའེ་ཧྥེང་།  དཀོན་མཆོག་སྐྱབས།  ཝང་ཀུའོ་ཞུན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད་པ་དང་།   ཚེ་བརྟན་སྒྲོལ་མས་གྲོས་ཚོགས་ལ་མགོ་འཛིན་བྱས།

ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་མགོ་ཁྲིད་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་བཅས་ཀྲུའུ་ཞི་སྟེགས་བུར་བཞུགས་ཡོད།   

81cd9d0662da330490717f04a20f37d7.png

ཁུལ་དུ་ཡོད་པའི་ཞིང་ཆེན་སྐབས་བཅུ་བཞི་པའི་དམངས་ཆེན་འཐུས་མི་འགའ་ཤས་དང་། ཁུལ་སྲིད་གྲོས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་ཨུ་ཡོན། ཁུལ་ཨུའི་འབྲེལ་ཡོད་པུའུ་ཨུ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ལས་ཁུངས།  ཁུལ་མི་དམངས་སྲིད་གཞུང་ལས་དོན་སྡེ་ཁག་གི་འགན་འཁུར་བ། ཁུལ་སྲིད་གཞུང་གི་ཐད་གཏོགས་ལས་ཁུངས་དང་མི་དམངས་ཚོགས་པ་ཁག་གི་འགན་འཁུར་བ། ཁུལ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བ། ཁུལ་དུ་སྡོད་པའི་ཞིང་ཆེན་གྱི་ལས་ཁུངས་དང་ཁུལ་གཏོགས་ཀྱི་ཁེ་ལས་ཁག་ཅིག་གི་འགན་འཁུར་བ།  ཤང་དང་གྲོང་བརྡལ་ཁག་གི་དམངས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཀྲུའུ་ཞི་བཅས་ཚོགས་འདུར་ཟུར་ཞུགས་བྱས་ཡོད།  

ཚོགས་འདུ་ལས་ཁུལ་དཔོན་ཚབ་མ་དོན་གྲུབ་ཀྱིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུར་གསན་པ་དང་། སྙན་ཞུ་ཁག་གསུམ་རུ་དགར་ཡོད་ལ། གཅིག་ནི་ལོ་ལྔའི་རིང་ལ་ཐོག་མའི་བསམ་འདུན་འབད་པས་བསྒྲུབས་པ་དང་དངོས་སྒྲུབ་འགག་སྒྲོལ་བྱས་ཏེ་གཡུར་ཟའི་གྲུབ་འབྲས་བླངས་བ། གཉིས་ནི་མགོ་ཚུགས་ས་གསར་པར་གཞི་ཚུགས་ཏེ། བློ་སྤོབས་ཆེན་པོས་འཕེལ་རྒྱས་ཀྱི་འཆར་འགོད་བཟོས་པ། གསུམ་ནི་དག་སྲུང་དངོས་འཛིན་དང་དངོས་སྒྲུབ་སྲིད་དར་བྱས་ཏེ། བློ་དཀར་ཁྲིམས་སྐྱོང་དང་དམངས་ཕན་སྤྱོད་གཙང་གི་སྲིད་གཞུང་འཛུགས་སྐྱོང་བྱེད་པ་བཅས་ཡིན།

1e8c32455cde9b39d3daa67320805126.png

སྙན་ཞུ་ལས་ཁུལ་དམངས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་དང་པོ་འཚོགས་ཚུན་གྱི་ལོ་ལྔ་ནི་མཚོ་ལྷོའི་འཕེལ་རྒྱས་བརྒྱུད་རིམ་སྟེང་སྤྱིར་བཏང་མིན་པ་དང་འགྲན་སློང་མང་བ། གཡུར་ཟའི་གྲུབ་འབྲས་བླངས་པའི་ལོ་ལྔ་ཡིན་ཞིང་། ལོ་ལྔའི་རིང་ལ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་བཅས་ཀྱི་མགོ་ཁྲིད་བརྟན་པོ་དང་། ཁུལ་དམངས་ཆེན་དང་ཁུལ་སྲིད་གྲོས་ཀྱི་ལྟ་སྐུལ་རྒྱབ་སྐྱོར་འོག ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ལ་ནན་ཏན་གྱིས་སློབ་སྦྱོང་ལག་ལེན་བྱས་ཏེ། སྤུས་མཐོའི་འཕེལ་རྒྱས་དང་ཚད་མཐོའི་བདེ་འཇགས་ལ་གཅིག་གྱུར་བཀོད་འདོམས་བྱས་ནས། སྐྱེ་ཁམས་སྲུལ་ཡོལ་ས་ཁོངས་ཡོངས་སུ་རྒྱ་སྐྱེད་པ་དང་རི་ཆུ་སྔོན་མོའི་རྨང་གཞི་སྔར་ལས་ཇེ་བརྟན་དུ་བཏང་བ་དང་།ཕྱོགས་བསྡུས་དངོས་ཤུགས་ཀྱི་ནུས་པ་མཐོ་རུ་བཏང་སྟེ། འཕེལ་རྒྱས་ཀྱི་རྨང་གཞི་སྔར་ལས་བརྟན་པོར་བཏང་བ། ཐོན་ལས་བཞིའི་འདུས་སྡོད་ཀྱི་རྣམ་པ་ཆགས་པར་བྱས་ནས། འཕེལ་རྒྱས་ཀྱི་སྒུལ་ནུས་ཆེ་རུ་བཏང་བ། བཅོས་བསྒྱུར་འགག་སྒྲོལ་ལ་སྐུལ་འདེད་བྱས་ཏེ། སྒོ་འབྱེད་ཀྱི་སྒུལ་ནུས་བསྟུད་མར་འདོན་པ། མཁར་ཤང་གཅིག་གྱུར་མཉམ་འདྲེས་ཡོང་བར་བྱས་ཏེ། མཛེས་པའི་གྲོང་གསེབ་ཀྱི་རྣམ་པ་གསར་སྒྱུར་བྱས་པ། དམངས་ཚིས་གྲུབ་འབྲས་བཟང་པོར་བརྟེན་ནས། ཐུན་མོང་ཕྱུག་འགྱུར་གྱི་ཕན་འབྲས་ཚོར་ཐུབ་པ། གཞི་རིམ་བཅོས་སྐྱོང་བྱེད་སྟངས་ཇེ་ལེགས་སུ་བཏང་ནས། མི་རིགས་མཐུན་སྒྲིལ་འཆམ་མཐུན་མཉམ་སྐྱོད་བྱས་པ། རང་ངོས་འཛུགས་སྐྱོང་ནན་མོ་བྱས་ཏེ། སྲིད་དོན་ནུས་པ་མཐོ་རུ་ཕྱིན་པ་བཅས་བྱས་ནས། ལོ་ལྔའི་འཆར་གཞི་ཐེངས་བཅུ་བཞི་པའི་དམིགས་འབེན་སོ་སོའི་འོས་འགན་བདེ་བླག་ངང་ལེགས་འགྲུབ་བྱུང་ཞིང་། ལོ་ལྔའི་འཆར་གཞི་ཐེངས་བཅོ་ལྔ་པའི་འཕེལ་རྒྱས་ཀྱི་ལམ་བུ་གསར་པའི་མགོ་ཡག་པོ་བརྩམས་ཏེ། སྐྱེ་ཁམས་བཟང་ལ་ཐོན་ལས་ཀྱི་སྒུལ་ནུས་ཆེ་བ། མཁར་ཤང་གི་རྣམ་པ་བཟང་བ། དམངས་ཚིས་འགན་སྲུང་ལེགས་པ། མི་རིགས་མཐུན་སྒྲིལ་གྱི་འཕེལ་རྒྱས་གསར་པའི་གྲུབ་འབྲས་ཤིག་བླངས་ཡོད་པ་བསྟན།

0d8f89702b3105bf87a1d25ec0644d9a.png

སྙན་ཞུ་ལས་ལོ་ལྔར་འབད་འཐབ་བྱས་ཏེ་འཕེལ་རྒྱས་ལ་གྲུབ་འབྲས་ཐོབ་པར་ལས་སླ་མོ་ཞིག་མིན་པར་དེའི་གཞི་རྩ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལམ་ཕྱོགས་གསལ་བོར་བསྟན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པས་ཚན་རིག་དང་མཐུན་པའི་མཛུབ་སྟོན་གནང་བས་ཡིན་ཞིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་བཅས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་དང་། ཁུལ་དམངས་ཆེན་དང་ཁུལ་སྲིད་གྲོས་ཀྱི་ལྟ་སྐུལ་ནུས་ལྡན་གྱི་འབྲས་བུ་ཡིན་པ་མ་ཟད། དེ་བས་ཀྱང་ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་དཀའ་སྤྱད་དངོས་སྒྲུབ་བྱས་པའི་འབྲས་བུ་ཡིན་པས། ལོ་ལྔའི་ལག་ལེན་ལ་སྤྱི་བསྡོམས་བྱས་ཏེ། མཚོ་ལྷོ་ཁུལ་གྱི་བྱ་བ་སོ་སོ་ལེགས་པོར་སྒྲུབ་ན། ངེས་པར་དུ་ཏང་གི་ཕྱོགས་ཡོངས་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ངེས་པར་དུ་འཕེལ་རྒྱས་ཀྱི་ངེས་གནས་འཚོལ་ཞིབ་བྱེད་པ། ངེས་པར་དུ་མི་དམངས་ཀྱི་ལངས་ཕྱོགས་བརྟན་པོར་འཛུགས་པ། ངེས་པར་དུ་བཅོས་བསྒྱུར་གསར་སྤེལ་རྒྱུན་འཁྱོངས་བྱེད་པ། ངེས་པར་དུ་བདེ་འཇགས་མཐའ་ཚད་བརྟན་སྲུང་བྱེད་པ།ངེས་པར་དུ་དངོས་སྒྲུབ་འགན་ལེན་ནུས་པ་ཇེ་དྲག་ཏུ་གཏོང་བ་བཅས་བྱ་དགོས་ཞེས་བསྟན།

སྙན་ཞུ་ལས་མ་འོངས་པའི་ལོ་ལྔ་ནི་རང་ཁུལ་གྱིས་བབ་བསྟུན་མདུན་སྐྱོད་དང་མཆོང་སྐྱོད་སྙེག་བརྒལ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་དམིགས་འབེན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སྐབས་བཟང་བོ་ཞིག་ཡིན་པ་མ་ཟད། རང་ཁུལ་གྱི་ཚུལ་སྒྱུར་འཕེལ་རྒྱས་ཀྱི་འགག་སྒྲོལ་ཐོད་བརྒལ་བྱེད་པའི་དུས་སྐབས་དང་། འགུལ་ནུས་གསར་པ་མགྱོགས་མྱུར་ངང་འཕར་བ་དང་། མཁར་གྲོང་ཅན་དུ་འགྱུར་བའི་མྱུར་ཚད་དང་སྤུས་ཚད་དུས་མཉམ་དུ་སྐུལ་སྤེལ་གཏོང་བ། མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་བཅས་ཀྱི་འགག་རྩའི་དུས་སྐབས་ཤིག་ཀྱང་ཡིན་པས། འཐབ་ཇུས་ཀྱི་གོ་སྐབས་མང་པོ་ཡོད་པདང་། ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་གཏོང་བའི་ཆ་རྐྱེན་ཇེ་ལེགས་སུ་བཏང་ཡོད། ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པས་གཏན་ལ་ཕབ་པའི་དམིགས་འབེན་ལྟར། སླད་ཕྱིན་ལོ་ལྔའི་སྲིད་གཞུང་བྱ་བའི་སྤྱིའི་བསམ་ཕྱོགས་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཆེ་ཤོས་གསུམ་གྱི་ཞིང་ཆེན་གྱི་གནས་བབ་དང་དེ་བས་གལ་འགངས་ཆེ་བ་གསུམ་གྱི་འཐབ་ཇུས་གནས་བབ་ལ་རྐང་འཛུགས་ནས། ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་བརྟན་པོར་འཛུགས་པ་དང་ལག་བསྟར་བྱེད་པ། རྒྱུན་འཁྱོངས་གསུམ་གྱི་ལག་ལེན་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་གནད་ལ་འཁེལ་བ་དང་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ཁྲོད་མཉམ་འདྲེས་གཏིང་ཟབ་དང་ཞབས་འདེགས་ཞུ་བ་བཅས་བྱས་ནས། ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་དཔལ་འབྱོར་འཛུགས་སྐྲུན་གཙོར་འཛིན་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་དོན་དུ་འཛིན་པ། སྐྱེ་ཁམས་དཔལ་ཡོན་མཐོ་ས་གཏོད་པ་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པ་གཙོར་འཛིན་པ། རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་སྣེ་ཁྲིད་དུ་བྱེད་པ། བཅོས་བསྒྱུར་སྒོ་འབྱེད་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུ་སྒུལ་ཤུགས་སུ་བྱེད་པ་དང་རིགས་སོ་སོའི་མི་དམངས་ཀྱིས་མཛེས་སྡུག་འཚོ་བར་བཅངས་པའི་དགོས་མཁོ་སྐོང་རྒྱུ་རྩ་བའི་དམིགས་ཡུལ་དུ་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་རྩ་བའི་འགན་ལེན་དུ་བྱེད་པ་བཅས་ཀྱི་ཐོག་ནས་ཁུལ་ཨུའི་འཕར་གཞི་གཅིག་དང་། མ་དཔེ་བཞི། ཡར་ཐོན་ལྔ་བཅས་ཀྱི་འབད་འཐབ་དམིགས་ཚད་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་བྱས་ཏེ། སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པ་དང་། ནུས་ཁུངས་ལ་བརྟེན་ནས་ཁུལ་སྟོབས་ལྡན་དུ་གཏོང་བ། ཞིང་ཕྱུགས་ལས་ལ་བརྟེན་ནས་ཁུལ་བརྟན་པོར་གཏོང་བ། རིག་གནས་ཡུལ་སྐོར་ལ་བརྟེན་ནས་ཁུལ་དར་རྒྱས་སུ་གཏོང་བ་བཅས་ཀྱི་འཕེལ་རྒྱས་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་སྤྱི་འདོམས་བྱས་ནས་སྔར་ལས་མཛེས་སྡུག་དང་གསོན་ཤུགས། བདེ་སྐྱིད། འཆམ་མཐུན། མཐུན་སྒྲིལ། སྤྱོད་གཙང་བཅས་ལྡན་པའི་མཚོ་ལྷོ་གསར་པ་འཛུགས་སྐྲུན་བྱེད་པ་དང་། ཁྱོན་ཡངས་པའི་གུང་ཧོ་གཤོང་ས་ལྗང་མདོག་འཕེལ་རྒྱས་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་འཕར་གཞི་གསར་པ་གང་མགྱོགས་སྒོས་ཆགས་པར་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ལེན་པར་མཐུན་སྒྲིལ་འབད་འཐབ་བྱ་དགོས་ཞེས་བསྟན།

539fc9b5b08741ad221824aebb1cc00e.png

སྙན་ཞུ་ལས་ཁུལ་ཨུའི་བཀོད་སྒྲིག་དང་དཔེ་བསྡུར་བྱས་ཏེ། སླད་ཕྱིན་ལོ་ལྔའི་རིང་ཁུལ་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོ་ནི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལོ་རེར་ཆ་སྙོམས5%ཡས་མས་འཕར་བ་དང་། སྡོད་དམངས་ཡོངས་ཀྱི་མི་རེའི་ཆ་སྙོམས་ཀྱི་སྤྱོད་འཐུས་ཡོང་འབབ་དང་དཔལ་འབྱོར་འཕེལ་རྒྱས་གཉིས་དུས་མཉམ་ཡོང་བར་བྱས་ཏེ། མཁར་གྲོང་གི་ལས་ཤོར་ཐོ་འགོད་བྱེད་ཚད3.5%ནང་ཚུན་དུ་ཚོད་འཛིན་ཐུབ་པ། མཁའ་རླུང་བཟང་བའི་ཉིན་གྲངས96%ཡན་བརྟན་པོ་ཡོང་བར་བྱེད་པ། རྨ་ཆུའི་གཞུང་ཆུ་ཁོངས་ནས་ཕྱིར་འབབ་པའི་ཆུའི་སྤུས་ཚད་རིགསⅡདང་དེའི་ཡན་རྒྱུན་འཁྱོངས་བྱེད་ཐུབ་པར་བྱེད་པ། ནུས་ཁུངས་ཟད་གྲོན་དང་ཐཱན་འབུད་གཏོང་གི་ཚོད་འཛིན་དམིགས་ཚད་ཁྱོན་ཡོངས་ནས་ལེགས་འགྲུབ་བྱ་དགོས་པ་དང་། མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་སྔར་ལས་སྲ་བརྟན་དུ་བཏང་སྟེ། དུས་བདེའི་ཁྲིམས་སྐྱོང་ཚད་ལྡན་དུ་ཡོང་བར་བྱས་ནས་སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་བརྟན་ལྷིང་ཡོང་བར་བྱ་དགོས་ཞེས་བསྟན།

93f8ee536549b6ad2e8b9ef8a87440d8.png

སྙན་ཞུ་ལས་གོང་གསལ་གྱི་འཕེལ་རྒྱས་དམིགས་ཚད་མངོན་འགྱུར་ཡོང་བར་བྱ་ཆེད། ང་ཚོས་ཁུལ་གྱི་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འཆར་འགོད་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། ཁུལ་ཡོངས་ཀྱི་མི་རིགས་སོ་སོའི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་སྐུལ་སློང་བྱས་ཏེ། འགག་རྩའི་ཁྱབ་ཁོངས་ཆེན་པོ་བརྒྱད་ལ་དམིགས་ནས་དངོས་སྒྲུབ་བརྩོན་ལེན་བྱ་དགོས། སྐྱེ་ཁམས་གཙོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ་ལྗང་མདོག་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོར་གཏོང་བ། ནུས་བསྡུའི་ཐོན་ལས་གསོག་འཇོག་བྱེད་པར་རྒྱུན་འཁྱོངས་བྱས་ནས་དཔལ་འབྱོར་འཕར་སྣོན་གྱི་སྒུལ་ནུས་ཆེན་པོ་གསོ་སྐྱོང་བྱེད་པ། ཞིང་ཕྱུགས་ལས་ལ་བརྟེན་ནས་ཁུལ་བརྟན་པོར་གཏོང་བ་རྒྱུན་འཁྱོངས་བྱས་ནས་སྐྱེ་ལྡན་ཞིང་ཕྱུགས་ཐོན་ལས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ། རིག་གནས་ཡུལ་སྐོར་དར་སྤེལ་ལ་བརྟེན་ནས་ནུས་པ་སྩོལ་བར་རྒྱུན་འཁྱོངས་བྱས་ནས། རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་བར་སྟོང་རྒྱ་སྐྱེད་བ། མཁར་ཤང་གཅིག་གྱུར་འཆར་འགོད་བྱེད་པར་རྒྱུན་འཁྱོངས་བྱས་ནས་འཕེལ་རྒྱས་དོ་མཉམ་ཡོང་བར་རྨང་གཞི་བརྟན་པོ་འདིང་བ། བཅོས་སྒྱུར་གཏིང་ཟབ་བྱེད་པར་མཉམ་ཤུགས་འདོན་པར་རྒྱུན་འཁྱོངས་བྱས་ནས་གསར་གཏོད་ཀྱི་སྒུལ་ཤུགས་འདོན་སྤེལ་བྱེད་པ། དམངས་ཚིས་འགན་སྲུང་བྱེད་པར་རྒྱུན་འཁྱོངས་བྱས་ནས་མང་ཚོགས་ལ་བདེ་སྐྱིད་བསྐྲུན་པར་འཆར་འགོད་བྱེད་པ། བློ་སེམས་གཅིག་མཐུན་གྱིས་མཉམ་བཅོས་བྱེད་པར་རྒྱུན་འཁྱོངས་བྱས་ནས་ཡུན་རིང་བདེ་འཁོད་ཀྱི་རྨང་གཞི་བརྟན་པོ་འདིང་བ་བཅས་བྱ་དགོས་ཞེས་བསྟན།

fc00c9d36d76f4f25ec9caa1465b569e.png

སྙན་ཞུ་ལས་མགོ་རྩོམ་ས་གསར་བར་གཞི་བཙུགས་ཏེ། ཁུལ་ཡོངས་ཀྱི་སྲིད་གཞུང་སྡེ་ཁག་གིས་ཏང་གི་ཕྱོགས་ཡོངས་མགོ་ཁྲིད་རྒྱུན་འཁྱོངས་དང་རང་ངོས་གསར་བརྗེ་ལ་མུ་མཐུད་དུ་ཤུགས་སྣོན་པ། བློ་སྤོབས་ཆེན་པོས་མདུན་སྐྱོད་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ཚད་གཞི་སྔར་ལས་མཐོ་བར་བསྟུན་པ་དང་ནུས་ལྡན་གྱི་དཔུང་སྡེ་སྦྱོང་བརྡར་བྱས་ཏེ། བློ་དཀར་ཞིང་ཡིད་ཆེས་བྱས་ཆོག་པ་དང་ཁྲིམས་ལྟར་སྲིད་འཛིན། དངོས་གཉེར་འགན་འཁུར། དམངས་ཆེད་དམངས་ཕན། སྤྱོད་གཙང་དྲང་གཞག་བཅས་ཀྱི་དེང་རབས་ཅན་གྱི་ཞབས་ཞུ་རང་བཞིན་གྱི་སྲིད་གཞུང་ཞིག་ཧུར་ཐག་གིས་འཛུགས་སྐྲུན་བྱ་དགོས་ཞེས་ནན་གྱིས་བསྟན།

མ་འོངས་འཕེལ་རྒྱས་ཀྱི་འཆར་འགོད་ལས་གོ་སྐབས་མང་པོས་ནུས་ཤུགས་བསྩལ་ཏེ། ཁྱོན་ཡངས་པའི་གུང་ཧོ་གཤོང་ས་ལྗང་མདོག་དར་རྒྱས་སུ་གཏོང་བའི་དུས་རབས་ཀྱི་འགན་འཁྲིས་མདུན་དུ་སྐྱོད་པར་འབོད་སྐུལ་བྱེད་པ་དང་། དེང་རབས་ཅན་གྱི་མཚོ་ལྷོ་གསར་པ་འཛུགས་སྐྲུན་བྱེད་པའི་རླབས་ཆེ་བའི་རྒྱང་སྐྱོད་ལམ་བུས་མི་སེམས་ལ་སྐུལ་ལྕག་ཐེབས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག  དུས་ནམ་ཡང་ལྷོད་གཡེང་མི་བྱེད་པའི་བློ་སྟོབས་དང་ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་རྣམ་པས་མཐོ་སྒང་གི་སྐྱེ་ཁམས་གཤིན་སར་སྲུང་སྐྱོང་ལེགས་པོ་བྱེད་པ་དང་ཁྱད་ལྡན་ཐོན་ལས་སྟོབས་ཆེར་གཏོང་བ། དམངས་ཚིས་དོན་དངོས་ཁག་ཡག་པོ་སྒྲུབ་པ། མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་བརྟན་པོར་གཏོང་བ་བཅས་བྱས་ཏེ།  སེམས་ཤུགས་གཅིག་སྒྲིལ་དང་དཀའ་སྤྱད་དངོས་སྒྲུབ། ཡུན་རིང་འབད་འཐབ་བཅས་བྱས་ཏེ། སྐྱེ་ཁམས་མཛེས་པ་དང་ཐོན་ལས་དར་རྒྱས། མཁར་གྲོང་འཆམ་མཛེས། མང་ཚོགས་བདེ་སྐྱིད་བཅས་ཀྱི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོའི་འཕེལ་རྒྱས་ལ་གྲུབ་འབྲས་ལེན་པར་འབད་བརྩོན་བྱ་དགོས་ཞེས་ནན་གྱིས་བསྟན།།

热门新闻

热门图库

热门排行