གནད་བསྡུས། 详情

ཀྲུང་དབྱང་དྲིལ་སྒྲོག་པུའུ་སོགས་སྡེ་ཚན་གྱིས་མཉམ་འབྲེལ་སྒོས་བརྡ་ཐོ་དཔར་འགྲེམ་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྐོར་གྱི་ཁྲིམས་གཞུང་སློབ་སྦྱོང་དང་དྲིལ་སྒྲོག་ལས་དོན་སྤེལ་དགོས་པའི་བླང་བྱ་བཏོན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་། ཀྲུང་དབྱང་རྩ་འཛུགས་པུའུ། ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་དོན་ཐིང་། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། སློབ་གསོ་པུའུ། ཁྲིམས་འཛིན་པུའུ། རང་བྱུང་ཐོན་ཁུངས་པུའུ། སྐྱེ་ཁམས་ཁོར་ཡུག་པུའུ་སོགས་སྡེ་ཚན་དང་ལས་ཁུངས19ཡིས་མཉམ་འབྲེལ་སྒོས་བརྡ་ཐོ་དཔར་འགྲེམ་བྱས་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང》སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པའི་ལས་དོན་ལ་བཀོད་སྒྲིག་བྱས།

བརྡ་ཐོའི་ནང་། ཞི་ཅན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་ནས། སྐྱེ་ཁམས་ཁོར་ཡུག་སྐོར་གྱི་ཁྲིམས་གཞུང་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བྱ་རྒྱུ་དེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་དང་ཁྲིམས་སྐྱོང་གི་བགྲོད་ལམ་ཐོག་དུས་རབས་གསར་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས།“དགུ་ལྔའི”ཁྲིམས་ལུགས་ཁྱབ་གདལ་གྱི་གཙོ་གནད་ནང་དོན་ནང་བཅུག་སྟེ། ཁྲིམས་སྐྱོང་འཛུགས་སྐྲུན་དང་། སློབ་གསོ་གསོ་སྦྱོང་། སྤྱི་ཚོགས་ལག་ལེན་བཅས་ཀྱི་ཕྱོགས་གང་ཅིའི་ནང་མཉམ་འདྲེས་དམ་ཚགས་བྱེད་པ་དང་། གསར་འགྱུར་དྲིལ་སྒྲོག་དང་སྤྱི་ཚོགས་དྲིལ་སྒྲོག དྲ་ཐོག་དྲིལ་སྒྲོག་དང་དྲ་འོག་དྲིལ་སྒྲོག ནང་ཁུལ་དྲིལ་སྒྲོག་དང་ཕྱི་ཕྱོགས་དྲིལ་སྒྲོག་བཅས་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ཏེ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་སྐྱེ་ཁམས་དཔལ་ཡོན་གྱི་ཁྲིམས་སྐྱོང་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། རང་རྟོགས་ངང་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་ལེན་བསྟར་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ལག་ལེན་ནང་ཧུར་ཐག་གིས་ཞུགས་དགོས་པར་བཏོན་ཡོད། 

བརྡ་ཐོའི་ནང་། སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་སློབ་སྦྱོང་དང་དྲིལ་སྒྲོག་བྱ་རྒྱུ་དེ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་དྲིལ་སྒྲོག་བྱ་རྒྱུ་དང་འབྲེལ་ནས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་ཁྲིམས་སྐྱོང་འཛུགས་སྐྱོང་གི་གསོན་ཉམས་ལྡན་པའི་ལག་ལེན་དང་ཟུང་འབྲེལ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་གི་རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས་དང་། ལག་ལེན་གྱི་རྨང་གཞི། དུས་རབས་ཀྱི་རིན་ཐང་བཅས་ལ་ཕྱོགས་ཡོངས་ནས་ཤེས་རྟོགས་དང་དྲིལ་སྒྲོག་དང་འཆད་འགྲེལ་ཡང་དག་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་སློབ་སྦྱོང་དང་དྲིལ་སྒྲོག་གཏིང་ཟབ་བྱ་རྒྱུ་དེ་དམངས་དོན་ཁྲིམས་གཞུང་རྗེས་ཀྱི་རང་རྒྱལ་གྱི“ཁྲིམས་གཞུང་”གི་མིང་བཏགས་པའི་བཅའ་ཁྲིམས་ཁག་གཉིས་པ་དེ་ཡིན་པའི་ངོས་ནས། དུས་རབས་གསར་པའི་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་གི་གྲུབ་འབྲས་གལ་ཆེན་གཞན་ཞིག་ཡིན་ལ། དེས་ཁྲིམས་སྐྱོང་འདུ་ཤེས་དང་ཁྲིམས་སྐྱོང་བྱེད་སྟངས་ལ་བརྟེན་ནས་དུས་རབས་གསར་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བར་གལ་ཆེ་ལ་གཏིང་ཟབ་པའི་ཤུགས་རྐྱེན་ལྡན་ཡོད། སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་གི་གཞི་རྩའི་དགོངས་དོན་དང་ནང་དོན་གཙོ་བོ་སློབ་སྦྱོང་དང་དྲིལ་སྒྲོག་གཏིང་ཟབ་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་དུས་མཉམ་དུ་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་ལྡོག་མེད་རང་བཞིན་དང་དངོས་ཡོད་ཀྱི་དགོས་ངེས་རང་བཞིན་སྔར་ལས་ལེགས་པའི་སྒོ་ནས་ཁོང་དུ་ཆུད་པར་ཁྲིད་སྟོན་བྱེད་པ་དང་། རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་སྲུང་སྐྱོང་བཅས་བྱེད་པའི་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་བརྟན་པོ་འཛུགས་དགོས་པར་བསྟན་ཡོད།

བརྡ་ཐོའི་ནང་། གསར་འགྱུར་གཏོང་སྤེལ་དང་དྲིལ་སྒྲོག་གསལ་འགྲེལ་སྒྲིག་འཛུགས་ཞིབ་ཚགས་བྱས་ནས། ཟླ8པའི་ཚེས15ཉིན་གྱི་རྒྱལ་ཡོངས་སྐྱེ་ཁམས་ཉིན་མོ་དང་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་དངོས་སུ་ལག་བསྟར་བྱེད་པའི་དུས་ཚོད་བེད་སྤྱོད་གང་ལེགས་བྱས་ཏེ། རིམ་པ་སོ་སོ་དང་རིགས་སོ་སོའི་སྨྱན་སྦྱོར་སྒྲིག་འཛུགས་བྱས་ནས། གསར་འགྱུར་གཏོང་སྤེལ་དང་དབང་གྲགས་བཅར་གླེང་བྱེད་པ་དང་། ཆེད་མཁས་པ་དང་མཁས་དབང་སྒྲིག་འཛུགས་བྱས་ནས་གསལ་འགྲེལ་རྩོམ་ཡིག་འབྲི་དགོས། སྤྱི་ཚོགས་ཀྱི་དྲིལ་སྒྲོག་དང་བརྗོད་བྱ་གཙོ་བོའི་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་བ་དང་། ཁྲིམས་སྐྱོང་དྲིལ་སྒྲོག་གི་གཡུལ་ས་དང་ལག་ལེན་བྱེད་སྒོའི་གཞི་རྟེན་སྣ་ཚོགས་བེད་སྤྱོད་ཡག་པོ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་སློབ་སྦྱོང་དང་དྲིལ་སྒྲོག་དེ་ལས་ཁུངས་དང་ཁེ་ལས་དང་བྱ་ལས་སྡེ་ཚན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ། གསར་དར་ཁྱབ་ཁོངས། དྲ་བ་སོགས་སུ་བསྐྱོད་པར་སྐུལ་འདེད་གཏོང་དགོས། མགོ་ཁྲིད་ལས་བྱེད་པ་དང་། གཞོན་ནུ་ལོ་ཆུང་། འབྲེལ་ཡོད་ཁྲིམས་འཛིན་མི་སྣ། ལས་ཞུགས་མི་སྣ་སོགས་གཙོ་གནད་ཚོགས་སྤྱིའི་སློབ་སྦྱོང་སློབ་གསོར་དམ་འཛིན་ནན་མོ་བྱེད་དགོས། དྲ་ཐོག་དྲིལ་སྒྲོག་གསར་གཏོད་ཡག་པོ་བྱེད་པ་དང་། རིགས་པའི་གཞུང་ལུགས་དང་རིག་གཞུང་ཞིབ་འཇུག་གཏིང་ཟབ་ཏུ་གཏོང་བ། ཕྱི་ཕྱོགས་དྲིལ་སྒྲོག་སྒྲིག་འཛུགས་ཞིབ་ཚགས་བཅས་བྱས་ནས། དུས་རབས་གསར་པའི་ཀྲུང་གོའི་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་སྐྱོང་གཏམ་རྒྱུད་ལེགས་པོར་བརྗོད་དགོས། །

热门新闻

热门图库

热门排行