སྲིད་དོན། 详情

ཁུལ་སྲིད་གཞུང་གིས་དཔལ་འབྱོར་འཁོར་སྐྱོད་དང་ཚོང་འགུག་དངུལ་འདྲེན་བྱ་བའི་ཆེད་དོན་བཀོད་གཏོང་ཚོགས་འདུ་བསྡུས་པ།

རང་ཚགས་པར་གྱི་འཕྲིན།ཟླ8པའི་ཚེས12ཉིན། ཁུལ་སྲིད་གཞུང་གིས་དཔལ་འབྱོར་འཁོར་སྐྱོད་དང་དངུལ་གཏོང་།ཚོང་འགུག་དངུལ་འདྲེན་བྱ་བའི་ཆེད་དོན་བཀོད་གཏོང་ཚོགས་འདུ་བསྡུས་ལ།ཚོགས་འདུ་ལས་ཟླ7པའི་ཚེས30ཉིན་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུའི་དགོངས་དོན་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་པ་དང་།ཞིང་ཆེན་དང་ཁུལ་གྱི་གཙོ་གནད་ལས་གཞི་དང་།ནོར་སྲིད་གཏོང་ཡོང་། ཚོང་འགུག་དངུལ་འདྲེན་བྱ་བ་བཅས་ཀྱི་འཕེལ་རིམ་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། མིག་སྔའི་དཔལ་འབྱོར་འཁོར་སྐྱོད་ཀྱི་དུས་བབ་ལ་དབྱེ་ཞིབ་བྱས་ཏེ་གཙོ་གནད་བྱ་བ་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་དོན་གྲུབ་ཀྱིས་ཚོགས་འདུར་མགོ་འཛིན་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུ་ལས་ད་ལོའི་ཚུན་ལ་རྒྱུ་རྐྱེན་སྣ་ཚོགས་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་རང་ཁུལ་གྱི་དཔལ་འབྱོར་འཁོར་སྐྱོད་ཀྱི་འགན་འཁྲི་ལྕི་བ་དང་གནོན་ཤུགས་ཆེ་ཞིང་།དཔལ་འབྱོར་བརྟན་འཕར་ཡོང་བའི་བའི་ཐད་དཀའ་ངལ་དང་འགྲན་སློང་མང་པོར་འཕྲད་ཡོད། ཉེ་དུས་འཚོགས་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ། དེ་མིན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཚོགས་འདུ། ཞིང་ཆེན་སྲིད་གཞུང་གི་དཔལ་འབྱོར་འཁོར་སྐྱོད་ཀྱི་ཆེད་དོན་བཀོད་གཏོང་ཚོགས་འདུ་བཅས་ཀྱིས་ལོ་སྨད་ཀྱི་དཔལ་འབྱོར་བྱ་བ་ལེགས་པོ་སྒྲུབ་པར་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱར་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། བསམ་བློ་སྔར་བས་གཅིག་གྱུར་དང་ཡིད་ཆེས་སྔར་བས་ཇེ་བརྟན་དུ་བཏང་སྟེ། ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལ་རང་འགུལ་སྒོས་དཔྱད་བསྡུར་བྱེད་པ། བྱ་བ་རེ་རེར་ཧེ་བག་འཚོལ་བ་དང་ཞན་ཆ་ཁ་གསབ། སྟོབས་ཆེར་གཏོང་བ་བཅས་བྱས་ནས་གཞན་དབང་གི་རྣམ་པ་བསྒྱུར་གང་ཐུབ་བྱས་ཏེ། ཁུལ་ཡོངས་ཀྱི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་གཏོང་དགོས་ཞེས་བསྟན།

ཚོགས་འདུ་ལས་དངུལ་གཏོང་ལས་གཞིའི་རིམ་དབྱེ་རིགས་དབྱེའི་བཀོད་གཏོང་ལམ་སྲོལ་དོན་འཁྱོལ་ནན་མོ་བྱེད་པ་དང་། རྒྱུན་ལྡན་མིན་པ་དང་འཕེལ་རིམ་དལ་བ། ལས་མགོ་མ་བརྩམས་པའི་ལས་གཞི་རེ་རེར་ཐག་གཅོད་བྱས་ཏེ། ཁུལ་རིམ་པའི་མགོ་ཁྲིད་ཀྱིས་ཁ་གཏད་འགན་ལེན་དང་རྫོང་ཨུ་དང་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོས་དངོས་སུ་ལྟ་སྐུལ་བྱེད་པའི་ལམ་སྲོལ་དམ་འཛིན་ཡག་པོ་བྱས་ནས། དུས་ཚིགས་གསུམ་པར་ཁུལ་ཡོངས་ཀྱི་ལས་གཞི་ཚང་མ་ལས་མགོ་རྩོམ་ཐུབ་པར་འགན་ལེན་བྱས་ཏེ། ལས་གཞི་སྔར་ལས་མང་པོ་དོན་ཐོག་ཏུ་འཁྱོལ་དགོས། ནོར་ཤུགས་གཅིག་སྡུད་སྒོས་དམངས་ཚིས་དོན་ཆེན་དང་གཙོ་གནད་ལས་གཞིར་འགན་ལེན་བྱས་ཏེ། མ་དངུལ་གཏོང་སྤྲོད་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བ་དང་། ཟླ་རེར་དམིགས་ཚད་གཏན་འཁེལ་དང་གཟའ་འཁོར་རེར་ལྟ་ཞིབ་ཚད་ལེན་བྱེད་པའི་མྱུར་ཚད་ཇེ་མགྱོགས་སུ་བཏང་ནས། མ་དངུལ་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་ནོར་སྲིད་མ་དངུལ་བདེ་འཇགས་དང་ནུས་མཐོའི་ངང་བེད་སྤྱོད་ཐུབ་པར་འགན་ལེན་བྱ་དགོས།

གལ་ཆེན་གཉིས་དང་གསར་བསྒྱུར་གཉིས། དེ་མིན་དྲ་བ་དྲུག་བཅས་ཀྱི་རྨང་གཞིའི་འཛུགས་སྐྲུན་གྱི་དངུལ་གཏོང་གོ་སྐབས་ལ་དམ་པོར་དམིགས་ནས། ལས་གཞི་ཡག་པོ་ཁག་ཅིག་འཆར་འགོད་དང་གྲབས་གསོག་བྱ་རྒྱུར་དམ་འཛིན་བྱས་ཏེ། ས་ཞིང་སོགས་རྒྱུ་རྐྱེན་གཙོ་བོའི་འགན་ལེན་བྱ་བ་སྔོན་ལ་བསྒྲུབ་པ་དང་། ལག་ལེན་བྱ་ཆོག་པའི་ཞིབ་འཇུག་སྙན་ཞུ་བཟོ་བ་སོགས་སྔོན་འགྲོའི་བྱ་བ་བསྒྲུབས་ནས། ལས་གཞི་སྔར་ལས་མང་པོ་ཞིག་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ལས་གཞིའི་ཁྲོད་ཚུད་པར་བརྩོན་ལེན་བྱ་དགོས། ལས་གཞིའི་ཇུས་འགོད་དོ་དམ་གསོ་སྦྱོང་ལ་དམ་འཛིན་ཡག་པོ་བྱེད་པ་དང་།གསར་དུ་ལས་འགན་འཁུར་བའི་ལས་བྱེད་པར་དམིགས་ནས་ལས་གཞི་ཇུས་འགོད་དང་འཛུགས་སྐྲུན་དོ་དམ། མ་དངུལ་བེད་སྤྱོད་སོགས་ཀྱི་ཆེད་དོན་གསོ་སྦྱོང་སྤེལ་ཏེ། རིམ་པ་ཁག་གིས་ལས་གཞིར་དམ་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་ཆེ་རུ་གཏོང་དགོས།

ཚོང་ལས་ཀྱི་ཚོང་འགུག་དང་སྦྲེལ་ཐག་གཙོ་བོའི་ཚོང་འགུག་སོགས་ཀྱི་འགག་རྩའི་བྱེད་ཐབས་གཏིང་ཟབ་ཏུ་བཏང་སྟེ། ནུས་ཁུངས་གསར་པ་དང་ཞིང་ཕྱུགས། རིག་གནས་ཡུལ་སྐོར་བཅས་ཀྱི་གཙོ་གནད་ཐོན་ལས་ལ་དམ་པོར་དམིགས་ནས། ཡང་བསྐྱར་སྣེ་ཁྲིད་རང་བཞིན་ལྡན་པའི་ལས་གཞི་གལ་ཆེན་ཁག་ཅིག་དོན་འཁྱོལ་ཡོང་བར་བརྩོན་ལེན་བྱ་དགོས། ཞིང་ཆེན་དང་ཁུལ་གྱི་ནོར་ལུག་གསོ་སྤེལ་དང་ཕྱིར་འཚོང་གི་ཁ་གསབ་རོགས་དངུལ། ཕྱུགས་ཟོག་ཐོན་སྐྱེད་སྤུས་མཐོའི་ཆེད་དོན་སྲིད་ཇུས་བེད་སྤྱོད་གང་ལེགས་བྱས་ཏེ། མོ་ཕྱུགས་གསོ་སྤེལ་གྱི་གྲངས་ཀ་ཇེ་མང་དུ་གཏོང་བ་དང་།ལུ་གུ་དང་བེའུ་སོགས་གསོ་སྤེལ་བྱེད་པར་གནད་འཁེལ་ཇུས་འདོན་བྱས་ནས། ལུ་གུའི་དཔལ་འབྱོར་འཕེལ་རྒྱས་དང་ས་གནས་ཀྱི་བཤས་རའི་ལས་སྣོན་ལ་ཤུགས་བཏོན་ཏེ། འཁྱགས་འབྲེལ་ཟོག་སྐྱེལ་སྒྲིག་གཞི་འཐུས་ཚང་དུ་བཏང་ནས། ཕྱིར་འཚོང་ཐབས་ལམ་རྒྱ་ཆེར་བཏང་སྟེ་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མུ་མཐུད་དུ་མཐོར་འདེགས་སུ་གཏོང་དགོས།

འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་མ་དངུལ་ལེགས་པོར་སྤྱད་དེ།འཛད་སྤྱོད་ཀྱི་གབ་ཤུགས་སྔོག་འདོན་བྱེད་པ་དང་།སྔར་ལས་ལྷག་པའི་སྒོ་ནས་འཛད་སྤྱོད་ཀྱི་ནུས་པར་སྐུལ་སློང་བྱས་ཏེ།འགྲན་དོན་དང་རིག་གནས་ཡུལ་སྐོར།ཚོད་དོན་བཅས་ལ་བརྟེན་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཁུལ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་།ཁུལ་བཟོ་ལས་ཆ་འཕྲིན།ནོར་སྲིད་སྡེ་ཁག་བཅས་ཀྱིས་འབྲེལ་ཡོད་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་།རྫོང་ལྔའི་སྲིད་གཞུང་གིས་དཔལ་འབྱོར་འཁོར་སྐྱོད་ཀྱི་གནས་ཚུལ་སྙན་ཞུ་ཕུལ།ཁུལ་དཔོན་གཞོན་པ་སོ་སོས་ལས་བགོས་ཁྱབ་ཁོངས་ཀྱི་གཙོ་གནད་བྱ་བ་བཀོད་སྒྲིག་བྱས།ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དང་དྲུང་ཡིག་ཆེན་མོ་གཞོན་པ་སོ་སོ། ཁུལ་སྲིད་གཞུང་གི་སྡེ་ཁག་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས།

热门新闻

热门图库

热门排行