སྲིད་དོན། 详情

ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་སྐབས་བཅོ་ལྔ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས་པ།

རང་ཚགས་པར་གྱི་འཕྲིན།ཟླ8པའི་ཚེས13ཉིན་ཀྲུང་གོ་གུང་ཁྲན་ཏང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅོ་ལྔ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་ཤིང་།   ཞུང་ཡོན་ལའེ་ཡིས་ཀྲུང་གུང་མཚོ་ལྷོ་ཁུལ་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་ཀྲུའུ་ཞི་ཚོགས་པའི་མངགས་བཅོལ་ལྟར་ཚོགས་འདུར་མགོ་འཛིན་གནང་བ་དང་།   སྐབས་བཅོ་ལྔ་པའི་ཁུལ་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་ཚོགས་འདུར་ཞུགས་ཤིང་།  སྐབས་བཅོ་ལྔ་པའི་ཁུལ་སྒྲིག་ཨུའི་ཨུ་ཡོན་ཚོགས་འདུར་ཟུར་ཞུགས་བྱས།

ཚང་འཛོམས་གྲོས་ཚོགས་ལས་ཀྲུང་གོ་གུང་ཁྲན་ཏང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅོ་ལྔ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་འདེམས་བསྐོ་བྱེད་ཐབས་ལ་གྲོས་འཆམ་བྱུང་བ་དང་། ཀྲུང་གོ་གུང་ཁྲན་ཏང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅོ་ལྔ་པའི་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་ཧྲུའུ་ཅི། ཧྲུའུ་ཅི་གཞོན་པ་བཅས་བདམས་ཐོན་བྱུང་བ་རེད།  ཀྲུང་གོ་གུང་ཁྲན་ཏང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅོ་ལྔ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་འདེམས་བསྐོའི་མཇུག་འབྲས་སྐོར་གྱི་སྙན་ཞུ་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།

  གསར་དུ་བདམས་ཐོན་བྱུང་བའི་ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཡིས་སྐབས་གསར་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་ཁུལ་ཨུའི་ཨུ་ཡོན་ཡོངས་ཀྱི་ཡིད་ཆེས་དང་རྒྱབ་སྐྱོར་ལ་ལྷག་བསམ་ཟོལ་མེད་ཀྱིས་ཐུགས་རྗེ་ཆེ་ཞུས་པ་རེད།  ཁོང་གིས་སྐབས་གསར་པའི་ཁུལ་ཨུས་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འཆར་འགོད་མགོ་ཚུགས་པའི་འགག་རྩའི་དུས་སྐབས་ཀྱི་འགན་འཁྲི་དང་ལེན་ཞུས་ཏེ།  ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོ་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་ལས་འགན་ལྕི་པོ་ཕྲག་ཐོག་ཏུ་འཁུར་བ་དང་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་བ་ཟབ་མོ་མཚོན་ཡོད།  ང་ཚོས་རྩ་འཛུགས་ཀྱི་ཐུགས་ཁུར་དང་མངགས་བཅོལ།ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཡིད་ཆེས་དང་རེ་སྒུག་བཅས་ལ་ལྡབ་འགྱུར་གྱིས་གཅེས་སྤྲས་བྱས་ཏེ།བློ་སྤོབས་ཆེན་པོས་ལམ་བུ་གསར་པའི་སྟེང་བྱ་བའི་མགོ་ཡག་པོ་བརྩམས་ནས།ཏང་དང་མི་དམངས་ལ་ཡིད་ཚིམ་པའི་བྱ་བའི་གྲུབ་འབྲས་ཤིག་ལེན་པར་འབད་པ་བྱ་དགོས་ཞེས་བསྟན།

གྲོས་ཚོགས་ལས་བྱ་བ་ལེགས་པོར་སྒྲུབ་ན་སྔ་མཐུད་རྗེས་སྐྱོང་ལེགས་པོར་བྱ་དགོས་ཏེ།ལམ་བུ་གསར་པའི་སྟེང་དར་ཆ་མཐོན་པོར་བསྒྲེངས་ནས་ཆབ་སྲིད་གླེང་སྟེ།བསམ་བློའི་རྨང་གཞི་བརྟན་པོར་གཏོང་དགོས།ཏང་ལ་བློ་དཀར་བ་དེ་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་གཙོ་བོར་བཟུང་ནས།ཏང་གི་ཕྱོགས་ཡོངས་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་།གཏན་ཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་།འདུ་ཤེས་བཞི་ཇེ་དྲག ཡིད་ཆེས་བཞི་བརྟན་པོར་གཏོང་བ།སྲུང་སྐྱོང་གཉིས་སྒྲུབ་ཐུབ་པ་བཅས་བྱ་དགོས།ཏང་གི་ཆབ་སྲིད་ཀྱི་སྒྲིག་ལམ་དང་ཆབ་སྲིད་ཀྱི་ཚད་གཞི་ནན་སྲུང་བྱས་ཏེ།གྲོས་གཞི་དང་པོའི་ལམ་ལུགས་ལག་བསྟར་བྱེད་པ་དང་།སྟོབས་ཤུགས་ལྔའི་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ།ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་།ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་བྱ་བའི་བླང་བྱ་ཇི་མ་ཇི་བཞིན་གྱིས་ལག་བསྟར་བྱེད་པར་འགན་སྲུང་བྱ་དགོས།བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་འཚོལ་ཞིབ་དང་དངོས་སྒྲུབ་ཀྱི་རྣམ་པ་མངོན་དགོས་ཏེ།ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བྱས་ནས།འཕར་གཞི་གཅིག་དང་མ་དཔེ་བཞི།ཡར་ཐོན་ལྔ་བཅས་ཀྱི་འབད་འཐབ་དམིགས་འབེན་ལ་དམིགས་ཏེ།སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི་གནས་བཞི་བསྐྲུན་པར་ནུས་ཤུགས་འདོན་དགོས་པ་མ་ཟད།ལྗང་མདོག་ཐོན་ལས་ཚོགས་པ་གསོ་སྐྱོང་དང་།ལས་གཞིའི་འཛུགས་སྐྲུན་དང་ཚོང་འགུག་དངུལ་འདྲེན་བྱ་བ་དམ་འཛིན།འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ།བཅོས་བསྒྱུར་འཕེལ་རྒྱས་གཏན་འཇགས་ཁྲོད་ཀྱི་དཀའ་གནད་དང་འགལ་ཟླར་ཐད་ཀར་དུ་གདོང་གཏད་དེ།སྐྱེ་ཁམས་ཐོན་ཁུངས་ཀྱི་དགེ་མཚན་དེ་འཕེལ་རྒྱས་ཀྱི་དགེ་མཚན་དུ་བསྒྱུར་ནས།དངོས་སྒྲུབ་ཀྱི་གྲུབ་འབྲས་ལ་བརྟེན་ནས་བྱ་བ་སོ་སོའི་ཐད་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་བྱ་དགོས།ནུས་ཤུགས་ཡོད་རྒུས་དམངས་ཚིས་ལ་ཕན་ཁེ་བསྐྲུན་པ་དང་།ལྷག་བསམ་རྣམ་དག་གིས་དམངས་ལ་བརྩེ་བ་བཅངས་དགོས་ཏེ།

མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་གཏིང་ཟབ་བྱས་ཏེ། དུས་ནམ་ཡང་མང་ཚོགས་དང་མཉམ་དུ་བསམ་བློ་གཏོང་བ་དང་མཉམ་དུ་བྱ་བ་སྒྲུབ་པ། ལས་ཞུགས་དང་སློབ་གསོ། སྨན་བཅོས། རྒན་གསོ། གྲོང་གསེབ་དར་སྤེལ། སྤྱི་པའི་ཞབས་ཞུ་སོགས་དམངས་ཚིས་ཁྱབ་ཁོངས་ལ་དམིགས་ཏེ། མང་ཚོགས་ཀྱི་བྱ་བ་རང་ཉིད་ཀྱི་བྱ་བར་བརྩིས་ནས་བསྒྲུབས་པ་དང་། དོན་དངོས་ལེགས་པར་སྒྲུབ་ནས་མང་ཚོགས་ཀྱི་བློ་ཡིད་ཚིམ་པར་བྱས་ནས། རོང་འབྲོག་ས་ཁུལ་དུ་ཏང་གི་སྲིད་སྐྱོང་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། མཐུན་སྒྲིལ་དམ་ཟབ་བྱས་ནས་ནུས་པ་གཅིག་སྒྲིལ་སྒོས་བྱ་བ་སྒྲུབ་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱ་དགོས་ཏེ། མཐུན་སྒྲིལ་བྱས་ན་གཅིག་སྒྲིལ་གྱི་ནུས་པ་དང་བྱ་བ་སྒྲུབ་པའི་ནུས་པ། ཐོན་སྐྱེད་ནུས་ཤུགས་གསར་པ་བཅས་འབྱུང་བས། མཐུན་སྒྲིལ་ལ་གཅེས་སྤྲས་དང་། མཐུན་སྒྲིལ་ལ་རང་རྟོགས་ཀྱིས་ཤུགས་སྣོན་པ། སྣེ་ཁྲིད་དེ་མཐུན་སྒྲིལ་གོང་འཕེལ་གཏོང་དགོས་ཤིང་། ཐུན་མོང་གི་མགོ་ཁྲིད་དང་སྒེར་གྱི་ལས་བགོས་འགན་འཁུར་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། བསམ་བློ་ཕྱོགས་གཅིག་ལ་གཏོང་བ་དང་། ནུས་པ་ཕྱོགས་གཅིག་ལ་བཏོན་ནས། ལས་བགོས་བྱ་བ་ནན་ཏན་གྱིས་བསྒྲུབ་པ་དང་།  ཕན་ཚུན་ལ་རྒྱབ་སྐྱོར་བྱ་དགོས་ཤིང་། མཐུན་སྒྲིལ་བྱས་ནས་ཐུན་མོང་གི་དམིགས་འབེན་ཕྱོགས་སུ་ཤུགས་བཏོན་ཏེ། ཁུལ་ཡོངས་ཀྱི་གོང་འོག་ཀུན་གྱིས་སེམས་ཤུགས་གཅིག་སྒྲིལ་གྱིས་ལས་སྒྲུབ་ལས་གཏོད་ཀྱི་མཉམ་ཤུགས་ཆེན་པོ་ཆགས་པར་བྱ་དགོས། བློ་རྩེ་གཅིག་སྒྲིམ་གྱིས་ཏང་འཛུགས་ལ་དམ་འཛིན་སྒོས་སྤྱོད་གཙང་གི་ཏང་སྲོལ་དང་སྲིད་སྲོལ་ཆགས་པར་བྱ་དགོས་ཏེ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་འཁུར་བ་དང་། སྣེ་ཁྲིད་དེ་སྒྲིག་ཁྲིམས་སྔོན་ལ་བཞག་ནས། རང་རྟོགས་ངང་སྤྱི་ཚོགས་ཀྱི་འབྲེལ་འདྲིས་དང་། འཚོ་བའི་ཁོར་ཡུག གྲོགས་པོའི་བར་གྱི་འབྲེལ་འདྲིས་བཅས་ལེགས་པོ་བྱས་ཏེ། མི་ཡ་རབས་ཞིག་བྱེད་པ་དང་བྱ་བ་ལེགས་པོ་ཞིག་སྒྲུབ་ཐུབ་པར་བྱ་དགོས། མུ་མཐུད་དུ་ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་བྱས་ཏེ། གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བ་དང་། རུལ་སུངས་བྱ་མི་རུང་བ་གསུམ་གཅིག་གྱུར་སྒོས་སྐུལ་འདེད་བྱས་ནས། རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ཀྱི་འགག་སྒྲོལ་བྱ་བ་ལེགས་པོར་བསྒྲུབས་ཏེ། ཁུལ་ཡོངས་ཀྱི་ལས་དོན་སོ་སོའི་སྤུས་མཐོའི་འཕེལ་རྒྱས་ལ་སྒྲིག་ལམ་གྱི་འགན་སྲུང་ལེགས་པོ་བྱ་དགོས་ཞེས་ནན་གྱིས་བསྟན།། 


热门新闻

热门图库

热门排行