གནས་ཚུལ། 详情

མཚོ་སྔོན་པོ་བསྐོར་བའི་ཡུལ་སྐོར་གཞུང་ལམ་གྱི་སྤུས་ཚད་མཐོར་འདེགས་ལས་གཞི་མགོ་བརྩམས་པ།

རང་ཚགས་པར་གྱི་འཕྲིན། ཟླ8པའི་ཚས13ཉིན། མཚོ་སྔོན་གྱི་གཞུང་ལམ207པ་མཚོ་སྐོར་ཤར་ལམ་ཀྱི་རྒྱ་ཡེ་སྡེ་བ་ནས་ཁེ་ཐུའུ་བར་དང་། མཚོ་སྔོན་གྱི་གཞུང་ལམ208པ་མཚོ་སྐོར་ནུབ་ལམ་གྱི་ཆོས་རྒྱས་མདོ་ནས་རྟ་ནག་མའི་བར་གྱི་གཞུང་ལམ་རྒྱ་བསྐྱེད་བཟོ་སྐྲུན་དངོས་སུ་ལས་མགོ་ཚུགས་པ་དང་བསྟུན་ཏེ། དེ་སྔོན་ལག་བསྟར་བྱས་ཟིན་པའི་མཚོ་སྔོན་གྱི་གཞུང་ལམ304པ་མཚོ་སྐོར་ཤར་ལམ་གྱི་ཁེ་ཐུའུ་ནས་ཝ་མགྱོགས་བར་གྱི་ལས་གཞི་བཅས་བསྣན་ཚེ། མཚོ་སྔོན་པོ་བསྐོར་བའི་ཡུལ་སྐོར་གཞུང་ལམ་ཡོངས་ཀྱི་སྤུས་ཚད་མཐོར་འདེགས་བྱ་བ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བའི་དུས་རིམ་ནང་སླེབས་པ་མཚོན་ཞིང་། དེས་མཚོ་སྔོན་གྱིས་མཚོ་སྔོན་པོའི་མཐའ་འཁོར་ས་ཁུལ་གྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་གོམ་སྟབས་གལ་ཆེན་ཞིག་སྤོས་ཟིན་པ་མཚོན།

མཚོ་སྐོར་ཤར་ནུབ་ལམ་གྱི་ལས་གཞི་ནི་རྒྱལ་ཁབ་གཞུང་ལམ་དྲ་བའི་འཆར་འགོད་ནང་གི་ཞིང་ཆེན་རིམ་པའི་གཞུང་ལམ་དྲ་བ་འཛུགས་སྐྲུན་བྱེད་པའི་བཟོ་སྐྲུན་གལ་ཆེན་ཞིག་ཡིན་པ་མ་ཟད། མཚོ་ལྷོ་དང་མཚོ་བྱང་ས་ཁུལ་གཉིས་སྦྲེལ་པའི་འགྲིམ་འགྲུལ་ལམ་ཐིག་གཙོ་བོ་ཡང་ཡིན། ལས་གཞིའི་ཁོངས་སུ་ཞིང་ཆེན་གྱི་གཞུང་ལམ207པ་དང208པ།304པ་བཅས་ཀྱི་གཞུང་ལམ་རྒྱ་བསྐྱེད་བཟོ་སྐྲུན་ཚུད་ཡོད་པ་དང་། ལམ་ཐིག་དེ་མཚོ་སྔོན་པོ་ཤར་ཕྱོགས་དང་ནུབ་ཕྱོགས་བརྒྱུད་ནས་བཀོད་སྒྲིག་བྱས་ཡོད་ལ། ཇུས་འགོད་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ60ཡིན་ཞིང་བཟོ་སྐྲུན་གྱི་དུས་ཡུན་ལོ2རེད།དུས་མཚུངས་སུ་རླངས་འཁོར་དལ་བགྲོད་ལམ་བུ་གསར་དུ་བསྐྲུན་རྒྱུ་རེད། ལས་གཞི་ལེགས་འགྲུབ་བྱུང་རྗེས། མཚོ་སྔོན་པོ་བསྐོར་བའི་ཡུལ་སྐོར་གཞུང་ལམ་གྱི་དྲ་རྒྱ་ཆགས་པའི་བྱེད་ནུས་དང་འགྲོ་སྐྱོད་ཞབས་ཞུའི་ནུས་པ་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་ཐུབ་པ་མ་ཟད། རིག་སྨོན་དང་མཚོ་སྔོན་པོ།ཚྭ་ཁའི་གཞུང་ལམ་སོགས་རྒྱལ་ལམ་དང་ཞིང་ཆེན་རིམ་པའི་གཞུང་ལམ་དང་སྦྲེལ་ཐུབ་པ་བྱུང་སྟེ། སྤྱིའི་རིང་ཚད་ལ་སྤྱི་ལེ360ཟིན་པའི་དལ་བགྲོད་ཡུལ་སྐོར་ལམ་ཆེན་ཞིག་ཏུ་གྲུབ་ཅིང་། མཚོ་སྐོར་གྱི་ལྗོངས་ཁུལ་གཙོ་ཡིན་པའི་རིག་གནས་ཡུལ་སྐོར་ས་ཚིགས་ཁག་ཕན་ཚུན་སྦྲེལ་ཏེ། རླངས་འཁོར་བསྐྱོད་བདེ་བ་དང་ལྟ་སྐོར་མྱོང་ཚོར་ལ་སྔར་ལས་མཐུན་རྐྱེན་བཟང་པོ་སྐྲུན་ཐུབ།

ལས་གཞི་བདེ་བླག་ངང་སྐུལ་འདེད་གཏོང་ཆེད། མཚོ་སྔོན་ཞིང་ཆེན་གཞུང་ལམ་ཅུའུ་ཡིས་མཐུན་སྦྱོར་གཅིག་གྱུར་ལ་ཤུགསབརྒྱབ་སྟེ། མཚོ་ལྷོ་དང་མཚོ་བྱང་ཁུལ་གཉིས་དང་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་དང་རང་བྱུང་ཐོན་ཁུངས་སྡེ་ཁག ཤང་(གྲོང་རྡལ)སྲིད་གཞུང་དང་སྡེ་བའི་ཨུ་ཡོན་ལྷན་ཁང་བཅས་མཉམ་འབྲེལ་བྱས་ནས། ཁུལ་དང་རྫོང༌། ཤང༌། སྡེ་བ། ཚབ་འཛུགས་ལས་གཞིའི་བཀོད་འདོམས་པུའུ་བཅས་རིམ་པ་ལྔའི་མཉམ་འགུལ་ལམ་སྲོལ་གསར་གཏོད་བྱས་པ་བརྒྱུད། ཐོན་ཁུངས་བསྡུ་སྒྲིལ་ནུས་ལྡན་ཐུབ་པ་དང་ལས་དོན་གྱི་བར་ཆད་སེལ་ཡོད། མིག་སྔར་འཛུགས་སྐྲུན་ཁྲོད་ཞུགས་པའི་ལས་ཁུངས་དག་གིས་དམིགས་ཚད་ལས་འགན་དམ་འཛིན་གྱིས་བཟོ་སྐྲུན་འཆར་གཞི་ཚན་རིག་ལྟར་བཀོད་སྒྲིག་བྱེད་པ་དང་། ཐོན་ཁུངས་བཀོད་སྒྲིག་ལ་གཅིག་གྱུར་སྤྱི་འདོམས་བྱས་ཏེ། ལས་གཞི་བརྟན་པོར་མགོ་འཛུགས་པ་དང་གོ་རིམ་ལྡན་པའི་སྒོ་ནས་ལག་བསྟར་བྱ་རྒྱུར་འགན་ལེན་བྱེད་བཞིན་ཡོད་པ་རེད།།

热门新闻

热门图库

热门排行