ཚན་རིག་གསར་གཏོད་ལ་བརྟེན་ནས་མཚོ་སྔོན་གྱི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིངས།
ཟླ8པའི་ཚེས12ཉིན། 2025ལོའི་མཚོ་སྔོན་ཞིང་ཆེན་གྱི་ཚན་རིག་ལག་རྩལ་བྱ་དགའི་ཚོགས་ཆེན་ཟི་ལིང་དུ་བསྡུས་ཤིང་། ཚོགས་ཆེན་ལས་ཞིང་ཆེན་ཡོངས་ཀྱི་ཚན་རྩལ་ལས་དོན་གོང་སྤེལ་ལ་བྱས་རྗེས་གཟེངས་སུ་མཐོ་བའི་མི་སྒེར་དང་ཐུན་མོང་ལ་གཟེངས་བསྟོད་དང་བྱ་དགའ་སྤྲད་པ་དང་། ཞིང་ཆེན་ཡོངས་ཀྱི་ཚན་རྩལ་གསར་གཏོད་བྱ་བ་སྔར་ལས་ལེགས་པར་བསྒྲུབ་རྒྱུའི་ཐད་བཀོད་སྒྲིག་བྱས། བྱ་དགའ་ཐོབ་པའི་འཐུས་ཚབ་པ་གསུམ་གྱིས་ཚོགས་སྟེང་དུ་སྤེལ་བའི་གཏམ་བཤད་ལས་མཐོ་སྒང་གི་ཚན་རིག་ཞིབ་འཇུག་ལས་བཟོ་བའི་དངོས་སྒྲུབ་བརྩོན་ལེན་དང་མཉམ་སྒྲུབ་མཉམ་ལས་ཀྱི་ཚན་རིག་པའི་སྙིང་སྟོབས་ཚོར་ཐུབ། ཚོགས་འདུ་དེ་ནི་ཞིང་ཆེན་ཡོངས་ཀྱི་ཚན་རྩལ་གསར་གཏོད་ཀྱི་གཡུར་ཟའི་གྲུབ་འབྲས་ལ་གཅིག་སྡུད་ཀྱིས་གཟིགས་ཞིབ་བྱེད་པ་ཞིག་ཡིན་པར་མ་ཟད། རྒྱ་ཆེའི་ཚན་རྩལ་ལས་བཟོ་བའི་འབད་བརྩོན་དང་མདུན་སྐྱོད་ཀྱི་སྤོབས་པར་གདེངས་འཇོག་ཆེན་པོ་བྱེད་པ་ཞིག་ཀྱང་ཡིན་ལ། མཚོ་སྔོན་གྱིས་ཐུན་མོང་མ་ཡིན་པའི་ཞིང་ཆེན་གྱི་གནས་ཚུལ་ལ་གཞི་ཚུགས་པ་དང་ཁྱད་ལྡན་ཚན་རྩལ་གསར་གཏོད་ཐབས་ལམ་འཚོལ་ཞིབ་བྱས་ཏེ། ཚན་རྩལ་གསར་གཏོད་ལ་བརྟེན་ནས་སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ལས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱེད་པའི་ཆོད་སེམས་བརྟན་པོ་བསྟན་ནས། མཚོ་སྔོན་གྱི་ཚན་རྩལ་གསར་གཏོད་ལས་དོན་འཕེལ་རྒྱས་ཡོང་བར་ནུས་ཤུགས་ཆེན་པོ་བཏོན་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་ནི་རྒྱལ་ཁབ་ལ་ཕན་པའི་ནོར་བུ་རྩ་ཆེན་ཞིག་ཡིན་པས། ངེས་པར་དུ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས་པ་དང་། རང་སྟོབས་རང་སྤེལ་དང་རང་བརྟེན་གསར་གཏོད་ལ་བརྟེན་དགོས་ལ། མཚོ་བོད་མཐོ་སྒང་དུ་གནས་པའི་མཚོ་སྔོན་ལ་མཚོན་ན། ཚན་རྩལ་གསར་གཏོད་ཀྱི་ལམ་དུ་བསྐྱོད་རྒྱུ་ནི་ཐོན་ཁུངས་ཀྱི་དགེ་མཚན་དེ་འཕེལ་རྒྱས་ཀྱི་དགེ་མཚན་ལ་བསྒྱུར་བའི་འགག་རྩ་ཞིག་ཀྱང་ཡིན་ཞེས་བསྟན་ཡོད་པས། ཉེ་བའི་ལོ་འདི་འགའི་རིང་། མཚོ་སྔོན་གྱིས་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ཆ་རྐྱེན་དང་ཐོན་ལས་ཀྱི་རྨང་གཞིར་གཞི་བཙུགས་ནས། ཁྱད་པར་ཅན་དང་ཁྱད་ཆོས་ཅན། སྤུས་ཚད་མཐོ་བ་བཅས་ཀྱི་ཚན་རྩལ་གསར་གཏོད་ཀྱི་ལམ་བུ་ཞིག་བཏོད་ཡོད། ཐེངས་འདིར་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་དང་ཕུལ་བྱུང་གི་ཚན་རིག་ཞིབ་འཇུག་ལས་བྱེད་པར་གཟེངས་བསྟོད་ཐོབ་པ་འདིས་ཞིང་ཆེན་ཡོངས་ཀྱི་ཚན་རྩལ་གསར་གཏོད་དང་དངོས་སྒྲུབ་ཀྱི་ཕན་འབྲས་གཅིག་བསྡུས་ཐོག་མངོན་པར་བྱས་ཡོད་ལ། ཚྭ་མཚོ་ཕྱོགས་བསྡུས་བེད་སྤྱོད་དང་ནུས་ཁུངས་གསར་པ་གསར་སྤེལ། མཐོ་སྒང་སྐྱེ་ཁམས་སྲུང་སྐྱོང་། མཐོ་སྒང་ཞིང་ཕྱུགས་ལས། མཐོ་སྒང་གསོ་རིག་སོགས་གཙོ་གནད་ཁ་ཕྱོགས་ལ་དམིགས་ནས། སྤྱོད་སྒོ་ཆེ་བའི་གསར་གཏོད་ཀྱི་གྲུབ་འབྲས་སྐོར་ཞིག་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། རྒྱ་ཆེའི་ཚན་རྩལ་ལས་བྱེད་པ་རྣམས་ཀྱིས་ཐོག་མའི་བསམ་འདུན་བརྟན་སྲུང་དང་མཐོ་སྒང་ལ་རྐང་འཛུགས་པ། འགག་སྒྲོལ་དཀའ་སེལ་བཅས་བྱས་ནས། མཚོ་སྔོན་གྱི་སྤུས་མཐོའི་འཕེལ་རྒྱས་ལ་ཚན་རྩལ་གྱི་འདེགས་སྐྱོར་བརྟན་པོ་འདིང་དགོས།