གནད་བསྡུས། 详情

ཀོས་ནན་རྫོང་སུམ་མདོ་གྲོང་རྡལ་གྱི2026ལོའི་གསེར་ལྡན་དམངས་སྲོལ་རིག་གནས་ཡུལ་སྐོར་དུས་སྟོན་སྤེལ་མགོ་བརྩམས་པ།

2026-08-13 09:55:22 来源: 作者: 编辑:བུ་མོ་མཆོག

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ( གསར་འགོད་པ། བསོད་ནམས་རྒྱལ། རྒྱལ་མོ་སྐྱིད། ) ཟླ8པའི་ཚེས12ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་སུམ་མདོ་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པའི་གསེར་ལྡན་དམངས་སྲོལ་རིག་གནས་ཡུལ་སྐོར་དུས་སྟོན་སུམ་མདོ་གྲོང་རྡལ་གསེར་ལྡན་རྩྭ་ཐང་དུ་སྤེལ་མགོ་བརྩམས། ས་གནས་སོ་སོ་ནས་ཡོང་བའི་སྐུ་མགྲོན་དང་ཡུལ་སྐོར་བ། ས་གནས་དེ་གའི་རིགས་སོ་སོའི་མང་ཚོགས་རྣམས་མཉམ་དུ་འཛོམས་ཏེ། སྲོལ་རྒྱུན་དང་ཡུལ་སྲོལ་གོམས་གཤིས་མཉམ་དུ་འདྲེས་པའི་རིག་གནས་དང་ཡུལ་སྐོར་གྱི་གསོལ་སྟོན་ལ་རོལ་མྱོང་བྱས།

རྒྱུས་ལོན་བྱས་པ་ལྟར་ན། ཐེངས་འདིའི་དམངས་སྲོལ་རིག་གནས་ཡུལ་སྐོར་དུས་སྟོན་གྱི་འཚོགས་ཡུན་ཉིན3ཡིན་པ་དང་། དེའི་རིང་བོད་ཀྱི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་རིག་གནས་ཀྱི་འགྲན་སྡུར་མང་པོ་ཞིག་སྤེལ་རྒྱུ་ཡིན་ཏེ། རྟ་རྒྱུག་དང་སྒྱེ་འགྱོགས། རི་གླུ་འགྲན་སྡུར། འབྲི་བཞོ། ཐིག་བརྒྱུས་སོགས་འདུས། བྱ་འགུལ་འདི་དག་ལས་ས་གནས་དེའི་ཡུལ་སྐོར་རིག་གནས་ཀྱི་གཏིང་ཟབ་པའི་རྨང་གཞི་མངོན་ཡོད་པ་མ་ཟད། མི་རྣམས་ལ་ཐག་ཉེ་ས་ནས་དམངས་སྲོལ་གོམས་འདྲིས་ཉམས་ལེན་བྱེད་པའི་གོ་སྐབས་ཀྱང་མཁོ་འདོན་བྱས་ཡོད།

ཐེངས་འདིའི་དམངས་སྲོལ་རིག་གནས་ཡུལ་སྐོར་དུས་སྟོན་སྤེལ་བའི་དམིགས་ཡུལ་ནི་ཀོས་ནན་རྫོང་སུམ་མདོ་གྲོང་རྡལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་གཏོང་བ་དང་། སྲོལ་རྒྱུན་གྱི་རིག་གནས་ཕུལ་བྱུང་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ཆེད་དུ་རེད། དེ་དང་ཆབས་ཅིག་བྱ་འགུལ་གྱི་ཤུགས་རྐྱེན་ལ་བརྟེན་ནས"མཚར་སྡུག་མང་རྫོང"དང"འཇག་རི་སུམ་མདོ"ཡི་མཚན་སྙན་གྲགས་ཆེ་རུ་གཏོང་བར་རོགས་ཤུགས་བཏོན་ཏེ། ས་གནས་དེའི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ངང་འཕེལ་རྒྱས་འབྱུང་བར་གསོན་ཤུགས་གསར་པ་བསྣན། །

热门新闻

热门图库

热门排行