གནད་བསྡུས། 详情

དོན་གྲུབ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་ཞིན་ཧེ་དང་ཐུན་ཏེ་རྫོང་གི་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས་སྐབས་ནན་གྱིས་བསྟན་དོན། བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོའི་འཛུགས་སྐྲུན་ཁྲོད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།

ཟླ8པའི་ཚེས11ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་དོན་གྲུབ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་ཞིན་ཧེ་རྫོང་དང་ཐུན་ཏེ་རྫོང་གི་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས་ནས། འཐུས་མི་ཡོངས་དང་མཉམ་དུ་སྐབས་བཅུ་བཞི་པའི་ཁུལ་ཨུའི་བྱ་བའི་སྙན་ཞུར་གྲོས་ཞིབ་གནང་། གྲོས་བསྡུར་གྱི་ཡུལ་དངོས་སུ་བསམ་ཚུལ་ལྷུག་བརྗོད་ཀྱི་རྣམ་པ་ལེགས་པོ་ཞིག་ཆགས་འདུག འཐུས་མི་ཡན་ཧའེ་ཧྥེང་དང་ཀླུ་ཐར་ཡག ཞེ་ཁང་ཡུང་། བློ་བཟང་བསྟན་པའི་རྒྱལ་མཚན། ཆོས་འབུམ་རྒྱལ་སོགས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་ནས་ཏང་གི་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས། གྲོང་གསེབ་དར་སྤེལ། གཞི་རིམ་བཅོས་སྐྱོང་སོགས་ཀྱི་ཐད་ནས་རང་ཉིད་ཀྱི་མྱོང་ཚོར་གླེང་།

ཚང་མའི་གཏམ་བཤད་ལ་ནན་ཏན་ངང་གསན་རྗེས་དོན་གྲུབ་ཀྱིས་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པ་ནི་རང་ཁུལ་གྱི་ལོ་རྒྱུས་ཀྱི་མགོ་འཛུགས་ས་གསར་པ་དང་དེང་རབས་ཅན་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་པའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་འདུ་ཞིག་ཡིན་ལ།  ཏང་གི་འཐུས་མིའི་ཚོགས་ཆེན་གྱི་སྙན་ཞུའི་ནང་འདས་ཟིན་པའི་ལོ་ལྔའི་རིང་གི་འབད་འཐབ་ལོ་རྒྱུས་དང་ཉམས་མྱོང་རྩ་ཆེན་བརྒྱུད་རིམ་ལྡན་པའི་སྒོ་ནས་ཕྱོགས་བསྡོམས་བྱས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་མ་འོངས་པའི་ལོ་ལྔའི་འཕེལ་རྒྱས་འཆར་གཞི་བཀོད་ཅིང་། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་དང་སྤྱི་ཚོགས་ལས་རིགས་ཁག་གི་རེ་སྒུག་ཆེན་པོར་ཧུར་ཐག་སྒོས་ལན་བཏབ་པས། བསམ་བློ་གཅིག་གྱུར་དང་ངོས་འཛིན་གཅིག་མཐུན། འཕེལ་རྒྱས་ལ་སྣེ་ཁྲིད། དམངས་ལ་དྲོ་སྐྱིད་སྦྱིན་པ་བཅས་ཀྱི་སྙན་ཞུ་བཟང་པོ་ཞིག་ཡིན་ལ། ཁུལ་ཡོངས་ཀྱི་གོང་འོག་ཀུན་གྱིས་དུས་བསྟུན་འཕྲལ་སྒྲུབ་དང་མུ་མཐུད་འབད་འཐབ་བྱེད་པར་སྣེ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་ཀྱང་ཡིན།  འཕར་གཞི་གཅིག་དང་མ་དཔེ་བཞི། ཡར་ཐོན་ལྔའི་དམིགས་འབེན་གཞིར་བཟུང་ནས། སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པ་དང་ནུས་ཁུངས་གཙང་མར་བརྟེན་ནས་ཁུལ་སྟོབས་ཆེར་གཏོང་བ། ཞིང་ཕྱུགས་ལས་ལ་བརྟེན་ནས་ཁུལ་བརྟན་པོར་གཏོང་བ། རིག་གནས་ཡུལ་སྐོར་ལ་བརྟེན་ནས་ཁུལ་དར་རྒྱས་སུ་གཏོང་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ནས། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་འཕར་གཞི་གསར་པ་གལ་ཆེན་མགྱོགས་མྱུར་ངང་ཆགས་པར་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོར་གྲུབ་འབྲས་གསར་པ་ལེན་ཆེད་ནུས་ཤུགས་ཡོད་རྒུ་འདོན་དགོས་ཞེས་བསྟན།  དོན་གྲུབ་ཀྱིས་ཞིན་ཧེ་དང་ཐུན་ཏེ་རྫོང་གཉིས་ཀྱི་སྐྱེ་ཁམས་བཟང་ལ།ཞིང་ཕྱུགས་ཐོན་ཁུངས་ཕུན་སུམ་ཚོགས་པ། འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པས།ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པར་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱས་ཏེ། ཅན་བཅུའི་ཏང་འཛུགས་གཙོ་གནད་དུ་བཟུང་སྟེ།རྩ་བ་དང་རྨང་གཞི་ཇེ་བརྟན་དུ་བཏང་ནས། ཏང་གི་ཆབ་སྲིད་དང་རྩ་འཛུགས་ཀྱི་དགེ་མཚན་དེ་འཕེལ་རྒྱས་ཀྱི་སྟོབས་ཤུགས་ཆེན་པོར་བསྒྱུར་དགོས། ཁྱོན་ཡོངས་འཕེལ་རྒྱས་ཀྱི་ཁྲོད་དུ་གནས་ཐིག་གཏན་འཁེལ་བྱས་ཏེ། འཐབ་ཇུས་ཀྱི་བཀོད་སྒྲིག་གལ་ཆེན་ལ་རང་འགུལ་སྒོས་འབྲེལ་མཐུད་བྱེད་དགོས་པ་དང་། དུས་དང་རྣམ་པ་ཀུན་ཏུ་སྐྱེ་ཁམས་གཙོར་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་བརྟན་པོར་གཏོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་དགོས། ཐོན་ལས་གནས་བཞིའི་འཛུགས་སྐྲུན་གྱི་སྤུས་ཚད་མཐོར་འདེགས་དང་ཁྱབ་རྒྱ་ཆེ་རུ་གཏོང་བར་སྐུལ་འདེད་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་སྐྲུན་བྱ་བ་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་ནས། བདེ་འཇགས་མཚོ་ལྷོའི་འཛུགས་སྐྲུན་ལ་རྒྱུན་རྣམ་ཅན་གྱིས་སྐུལ་འདེད་སྒོས། ས་གནས་གཅིག་གི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་ས་ཁོངས་ཡོངས་དེང་རབས་ཅན་དུ་འཕེལ་རྒྱས་ཡོང་བར་སྒུལ་ནུས་སྩོལ་དགོས། ཡུལ་བབ་དང་བསྟུན་ནས་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། དབྱི་ཝུའུ་ཡི་འཕེལ་རྒྱས་ཉམས་མྱོང་ལ་སློབ་སྦྱོང་དང་བེད་སྤྱོད་ཡག་པོ་བྱས་ནས། ཁྱད་ལྡན་ཐོན་ཁུངས་ཀྱི་དགེ་མཚན་སྔོག་འདོན་དང་ཁྱད་ལྡན་ཐོན་ལས་སྟོབས་ཆེར་གཏོང་བ། ཁྱད་ལྡན་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས། མཁར་གྲོང་མཉམ་འདྲེས་འཕེལ་རྒྱས་ཡོང་བ་བཅས་བྱས་ཏེ། ཐུན་མོང་ཕྱུག་འགྱུར་ཡོང་བར་སྐུལ་འདེད་བྱ་དགོས། ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་དུ་བསྟར་བ། ལྷག་བསམ་རྣམ་དག་གིས་འགན་འཁྲི་སྒྲུབ་པ་དེ་སྲིད་དོན་བསྒྲུབ་པའི་རྨང་གཞིར་འཛིན་པ། དཔོན་གསར་གྱིས་དཔོན་རྙིང་གི་ལས་གཞུག་སྐྱོང་བའི་འོས་འགན་དང་ལེན་བྱས་ཏེ། མ་འོངས་བའི་འཆར་འགོད་བཟོ་བ་དང་ལས་འགན་གཅིག་རྗེས་གཉིས་མཐུད་ཀྱིས་སྒྲུབ་པར་རྒྱུན་འཁྱོངས་བྱས་ནས། ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་དམིགས་འབེན་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་སྟེ། ལག་ལེན་གྱི་ཞིབ་བཤེར་ལ་ཉམས་སད་ཐེག་ཐུབ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་བརྩོན་ལེན་བྱ་དགོས་ཞེས་ནན་གྱིས་བསྟན།

热门新闻

热门图库

热门排行