ཁུལ་གྱི་ཏང་འཐུས་ཚོགས་ཆེན་ཐེངས་བཅོ་ལྔ་པའི་ཚོགས་ཆུང་སོ་སོས་གྲོས་བསྡུར་བྱས།
ཟླ8པའི་ཚེས11ཉིན། ཀྲུང་གོ་གུང་ཁྲན་ཏང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པར་ཞུགས་པའི་འཐུས་མི་ཚོས་ཚོགས་ཆུང་བགོས་ནས་གྲོས་བསྡུར་བྱས་པ་དང་། བློ་མཐུན་ཞུང་ཡོན་ལའེ་ཡིས་ཁུལ་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཕུལ་བའི་ཚོགས་ཆེན་གྱི་སྙན་ཞུར་དམིགས་ནས་མྱོང་ཚོར་གླེང་བ་དང་གྲོས་གཞི་འདོན་པ། དོན་འཁྱོལ་བྱེད་པའི་སྐོར་ལ་བསམ་ཚུལ་འདོན་པ་བཅས་བྱས་ཏེ། ལོ་ལྔའི་འབད་འཐབ་ཀྱི་གྲུབ་འབྲས་ལ་སྤྱི་བསྡོམས་དང་མ་འོངས་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་ཞིབ་བྱས། ཚོགས་རར་གྲོས་གཞི་ལེགས་པོ་འདོན་པ་དང་ཐུན་མོང་ངོས་འཛིན་གཅིག་ཏུ་བསྒྲིལ་ནས་དངོས་སྒྲུབ་དོན་གཉེར་གྱི་རྣམ་པས་ཁེངས་འདུག
ཚོགས་ཆུང་སོ་སོའི་གྲོས་བསྡུར་ཡུལ་དངོས་སུ་ཏང་གི་འཐུས་མི་རྣམས་ཀྱིས་བློ་སྤོབས་ཆེན་པོ་དང་རང་འགན་གཙང་སྒྲུབ་ཀྱིས་རང་ངོས་ཀྱི་ལས་གནས་དང་ཟུང་འབྲེལ་བྱས་ཏེ་གཏམ་བཤད་སྤེལ་ནས་གྲོས་བསྡུར་གྱི་རྣམ་པ་བཟང་པོ་ཞིག་ཆགས་འདུག ཚང་མས་གཅིག་མཐུན་གྱིས་ཐེངས་འདིའི་ཚོགས་ཆེན་གྱི་སྙན་ཞུ་ལས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྩ་བའི་མཛུབ་ཁྲིད་དུ་བཟུང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་ནན་མོ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ཁག་གི་དམིགས་ཚད་དོན་འཁྱོལ་བྱས་ཏེ། མཚོ་ལྷོ་ཁུལ་གྱི་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་སྒོས་ཁུལ་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱིས་མཛེས་སྡུག་གི་འཚོ་བར་བཅངས་པའི་རེ་འདུན་ལ་ལན་སློག་པ་དང་དུས་རབས་ཀྱི་འཕེལ་ཕྱོགས་ཆེན་མོའི་ཁྲོད་མདུན་སྐྱོད་བྱས་ཡོད་པར་འདོད།
སྙན་ཞུ་ལས་འདས་ཟིན་པའི་ལོ་ལྔའི་རིང་གི་ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོང་། དམངས་ཚིས་ལེགས་བཅོས། མི་རིགས་མཐུན་སྒྲིལ་སོགས་ཀྱི་ལས་དོན་ཁག་གི་གྲུབ་འབྲས་ལ་དངོས་ཐོག་བདེན་འཚོལ་གྱིས་སྤྱི་བསྡོམས་བྱས་ཤིང་། སླད་ཕྱིན་ལོ་ལྔའི་རིང་གི་འཕེལ་རྒྱས་བསམ་ཕྱོགས་དང་འབད་འཐབ་དམིགས་འབེན། གཙོ་གནད་ལས་འགན་བཅས་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་བྱས། ཁ་ཕྱོགས་གསལ་བ་དང་བྱེད་ཐབས་དངོས་ལ་བརྟེན་པ་ནི་ཁུལ་ཡོངས་ཀྱི་མ་འོངས་པའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་བྱ་སྤྱོད་ཀྱི་གཞི་འཛིན་ས་ཡིན་པས། མཚོ་ལྷོ་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁ་ཕྱོགས་གཏན་འཁེལ་དང་ལམ་བུ་གསལ་སྟོན་བྱས་ཡོད།
ཏང་གི་འཐུས་མི་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་སྒོས་བཤད་རྒྱུར། ཏང་གི་འཐུས་མི་ཚོགས་ཆེན་ལས་བཏོན་པའི་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་དམ་པོར་དམིགས་ནས། ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་བརྟན་པོར་བཟུང་སྟེ། རང་གི་ལས་གནས་ལ་གཞི་བཙུགས་ནས་རང་འགན་གཙང་སྒྲུབ་དང་དངོས་སྒྲུབ་དོན་འཁྱོལ་དམ་འཛིན་སྒོས་ཚོགས་ཆེན་གྱི་བཀོད་སྒྲིག་དེ་འགན་སྒྲུབ་ཀྱི་ཕན་འབྲས་དངོས་སུ་བསྒྱུར་ཏེ། ནུས་ཤུགས་ཡོད་རྒུས་གཙོ་གནད་ལས་དོན་ཁག་ལ་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་བ་དང་། དངོས་སྒྲུབ་ཀྱི་གྲུབ་འབྲས་ལ་བརྟེན་ནས་མཚོ་ལྷོ་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཞིག་ལེན་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།