2026ལོའི་སྐྱེ་ཁམས་ཞིན་ཧེའི་རིག་གནས་ལུས་རྩལ་ཡུལ་སྐོར་གྱི་མུ་འབྲེལ་བྱ་འགུལ་གཟབ་རྒྱས་ངང་མགོ་བརྩམས།
2026ལོའི་ཟླ8པའི་ཚེས7ཉིན། རྨ་ཀླུང་སྔོན་མོའི་མཚོ་ལྷོ་གསར་པ་ཡི་སྐྱེ་ཁམས་ཞིན་ཧེའི་རིག་གནས་ལུས་རྩལ་ཡུལ་སྐོར་གྱི་མུ་འབྲེལ་བྱ་འགུལ་ཨ་མདོ་དམངས་སྲོལ་རིག་གནས་གྲོང་ཚོའི་བྱང་ངོས་ཀྱི་རྩྭ་ཐང་དུ་དངོས་སུ་མགོ་བརྩམས། ཕྱོགས་བཞིའི་སྐུ་མགྲོན་རྣམས་སྤྲེལ་རྫོང་རི་འདབས་དང་རྩི་གོར་ཐང་དུ་འཛོམས་ནས་མཐོ་སྒང་གི་རིག་གནས་ལུས་རྩལ་ཡུལ་སྐོར་མཉམ་འདྲེས་ཀྱི་འདུ་འཛོམས་གཟབ་རྒྱས་དེར་ཞུགས་པ་རེད།

མགོ་རྩོམ་མཛད་སྒོའི་སྟེང་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་ཨན་ན་ཡིས་ཤིས་ཚིག་ཕུལ་བ་དང་། མོས་རྫོང་ཡོངས་ཀྱི་མི་རིགས་སོ་སོའི་མང་ཚོགས་ཀྱི་ཚབ་བྱས་ནས་གནས་འདིར་ཕེབས་པའི་སྐུ་མགྲོན་དང་དེ་བཞིན་ཡུན་རིང་པོར་ཞིན་ཧེའི་འཕེལ་རྒྱས་ལ་དོ་ཁུར་བྱེད་མཁན་གྱི་སྤྱི་ཚོགས་ཀྱི་ལས་རིགས་སོ་སོར་དགའ་བསུ་ཞུས། ཤིས་ཚིག་ནང་ངོ་སྤྲོད་བྱས་དོན། ཞིན་ཧེ་ནི་རྨ་ཆུའི་མགོ་ཁུངས་ཀྱི་ལྟེ་བའི་སྐྱེ་ཁམས་སྲུང་ཡོལ་དུ་གནས་ཤིང་དམངས་སྲོལ་རིག་གནས་ཀྱི་རྔམས་ཁ་མཐུག་པོ་ཡོད། རྒྱུན་མཐུད་ངང་དངོས་སྒྲུབ་འཕེལ་རྒྱས་བཏང་བ་བརྒྱུད། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་པས་སྒོར་དུང་ཕྱུར30ལས་བརྒལ་བ་དང་། རྒྱལ་ཡོངས་ཀྱི“རི་ལྗང་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”ལག་ལེན་གསར་གཏོད་རྟེན་གཞི་དང་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་སོགས་ཀྱི་མཚན་སྙན་ཐོབ་པ་རེད། “ལྔ་བཅོ་ལྔའི”མགོ་རྩོམ་ས་གསར་པར་སླེབས་སྐབས། ཞིན་ཧེ་ཡིས་རང་བྱུང་གནོད་འཚེ་བྱུང་རྗེས་བསྐྱར་སྐྲུན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ་དང་། ཚད་མཐའ་བརྟན་སྲུང་དང་སྟོབས་ཤུགས་གཅིག་སྡུད་ཀྱིས་འཕེལ་རྒྱས་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཞིན་ཧེ་ལག་ལེན་གྱི་ལེའུ་གསར་པ་འབྲི་རྒྱུ་ཡིན་ལ། སྤྱི་ཚོགས་ཀྱི་ལས་རིགས་སོ་སོས་ཞིན་ཧེའི་འཛུགས་སྐྲུན་ལ་མུ་མཐུད་དུ་དོ་ཁུར་དང་རྒྱབ་སྐྱོར་གནང་རྒྱུར་སྤྲོ་སེམས་འཁོལ་བོས་དགའ་བསུ་ཞུ།

མགོ་རྩོམ་མཛད་སྒོའི་རིག་རྩལ་འཁྲབ་སྟོན་ཁག་གསུམ་དུ་བགོས་ཡོད་ཅིང་ལེ་ཚན14རེས་མོས་ཀྱིས་གར་སྟེགས་ཐོག་འཁྲབ་སྟོན་བྱས། དམངས་གླུ་དང་། རྩེད་རིག སྒྲ་སྙན་རྡུང་ལེན། བྱིས་པའི་ཞབས་བྲོ་སོགས་ས་གནས་རང་གི་ཁྱད་ཆོས་ལྡན་པའི་ལེ་ཚན་འཁྲབ་སྟོན་བྱས་པ་དང་། ས་གནས་རང་གི་རིག་རྩལ་ལས་དོན་སྒྲུབ་མཁན་དང་གཞི་རིམ་མང་ཚོགས། ལོ་ཆུང་བྱིས་པ་བཅས་ཀྱིས་མཉམ་དུ་འཁྲབ་སྟོན་བྱས་ནས་རྨ་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་ཀྱི་མཛེས་པ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་རྔམས་མཐུག་པའི་རྨང་གཞི། མི་རིགས་སོ་སོའི་མང་ཚོགས་འཆམ་མཐུན་མཉམ་གནས་ངང་གནས་པའི་རྣམ་པ་བཅས་གསོན་ཉམས་དོད་པོས་མངོན་པར་བྱས་པས། ཡུལ་དངོས་ཀྱི་རྣམ་པ་སྤྲོ་དགས་ཁེངས།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་མུ་འབྲེལ་བྱ་འགུལ་དེ་ཟླ8པའི་ཚེས7ཉིན་ནས་ཚེས10ཉིན་བར་རྒྱུན་མཐུད་ངང་སྤེལ་རྒྱུ་ཡིན་པ་དང་། དེའི་རིང་ལ་བསྡོམས་པས་ཁྱད་ལྡན་བྱེད་སྒོ20ལྷག་སྤེལ་བའི་ནང་ཞང་དང་གྲོང་རྡལ་སོ་སོའི་ཆེད་དོན་འཁྲབ་སྟོན་དང་། སྦྲ་ནག་མངོན་མིན་རིག་གནས་ཤུལ་བཞག་དཔྱད་བསྡུར། སྤྲོ་སྣང་ལྡན་པའི་ལུས་རྩལ་འགྲན་བསྡུར། ཕྱུགས་རིགས་སྤུས་ལེགས་དཔྱད་བསྡུར། རྩྭ་ཐང་མེ་ཕུང་སྐོར་བྲོ། ཞིང་ཕྱུགས་རིག་གནས་ཡུལ་སྐོར་ཐོན་རྫས་འགྲེམ་སྟོན། བརྙན་པར་འགྲེམ་སྟོན་སོགས་འདུ། བྱ་འགུལ་གྱིས་རིག་གནས་ལ་བརྟེན་ནས་ཡུལ་སྐོར་གཏོད་པ་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་ཁྱབ་སྤེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྫོང་ནང་ཁུལ་གྱི་རིག་གནས་ཡུལ་སྐོར་འཛད་སྤྱོད་རྒྱུན་ཆད་མེད་པར་སྐུལ་སློང་དང་། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་ཚོགས་སུ་གཏོང་བ། དུས་རབས་གསར་པའི་ཞིན་ཧེའི་རྣམ་པ་གསར་པ་ཕྱོགས་ཡོངས་ནས་མངོན་པ་བཅས་བྱས་ནས། རྒྱ་ཆེའི་ཡུལ་སྐོར་པ་རྣམས་རྨ་ཆུའི་མགོ་ཁུངས་ཀྱི་རྩྭ་ཐང་གི་ཡུལ་ལྗོངས་དང་མི་རིགས་ཀྱི་ཡུལ་སྲོལ་རོལ་མྱོང་བྱེད་དུ་ཡོང་བར་ལྷག་བསམ་རྣམ་དག་གིས་མགྲོན་འབོད་བྱེད་བཞིན་ཡོད། །
