མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་གཏོད་པར་སྐུལ་འདེད་བཏང་ནས་འཛམ་གླིང་ལ་དྲང་ནུས་སྔར་ལས་མང་པོ་བསྩལ།
ལོ་བརྒྱའི་འཕོ་འགྱུར་ཇེ་མགྱོགས་སུ་སོང་བ་དང་། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཆེན་པོ་བྱུང་བས། གོ་ལ་གཅིག་གི་མཉམ་སྐྱོར་དང་མཐུན་སྒྲིལ་མཉམ་ལས་བྱ་རྒྱུ་ནི་ཡང་དག་པའི་གདམ་ག་འབའ་ཞིག་ཡིན། ད་ལོའི་ཚུན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཆེན་པོའི་གཙོ་འཛིན་གྱི་གཟིགས་རྒྱང་ཡངས་ཤིང་གནམ་འོག་གི་ཐུགས་བརྩེ་ལ་བརྟེན་ནས་གཙོ་འཛིན་གྱི་ཕྱི་འབྲེལ་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། ཀྲུང་གོའི་སྣེ་ཁྲིད་དེ་ཞི་བདེ་དོན་གཉེར་དང་། འཕེལ་རྒྱས་ཇུས་འགོད། མཉམ་ལས་ལ་སྐུལ་སྤེལ། དྲང་བདེན་དར་སྤེལ་བཅས་བྱེད་པའི་དུས་རབས་ཀྱི་འགན་འཁྲི་བཞེས་ཐོག མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་གཏོད་པའི་བླ་ན་མེད་པའི་དམིགས་འབེན་ཕྱོགས་སུ་བློ་སྟོབས་ཆེན་པོས་མདུན་སྐྱོད་བྱས།
ཕྲེང་བསྟར་གསར་འགྱུར《ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་འབད་པས་གཏོད་དགོས་པ་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་ལོའི་ཚུན་དུ་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་དངོས་བྲིས》ཞེས་པ་ལས《མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་གཏོད་པར་མུ་མཐུད་དུ་སྐུལ་འདེད་བཏང་ནས་འཛམ་གླིང་ལ་དྲང་ནུས་སྔར་ལས་མང་པོ་བསྩལ་བ》གཏོང་རྒྱུ་ཡིན།
ཟླ་དང་པོའི་ཚེས16ཉིན། ལོ་གསར་པའི་འགོ་ཚུགས་པ་ན། མི་དམངས་ཚོགས་ཁང་ཆེན་མོའི《རི་ཀླུང་འདི་འདྲའི་མཛེས་སྡུག་ལྡན》ཞེས་པའི་ལྡེབས་རིས་ཆེན་པོའི་མདུན་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ18ཀྱིས་ཕུལ་བའི་རྒྱལ་ཡིག་དེ་དང་ལེན་གནང་།
ད་ལོ་ནི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་ཚུགས་པའི་ལོ་ཡིན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”ཡིས་མ་འོངས་པའི་ལོ་ལྔ་རིང་གི་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཆར་གཞི་བཀོད་ཡོད་ལ། འཛམ་གླིང་ལ“གོ་སྐབས་ཀྱི་གསལ་ཐོ”ཞིག་ཀྱང་འདོན་སྤྲོད་བྱས་ཡོད།
ཀྲུའུ་ཞི་ཞི་ཅིན་ཕིང་གིས་གཞུང་ཚབ་ཆེན་མོ་རྣམས་ལ་མཇལ་འཕྲད་གནང་སྐབས་གསུང་རྒྱུར། ཀྲུང་གོའི་སྒོ་འབྱེད་ཚད་ཇེ་ཆེ་ནས་ཇེ་ཆེར་ཕྱིན་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྒྱུད་ནས་འཛམ་གླིང་ལ་གཏན་འཁེལ་རང་བཞིན་དང་སྒུལ་ནུས་གསར་པ་དེ་བས་མང་པོ་སྩོལ་བ་དང་། ཐུན་མོང་ཐོག་འཕེལ་རྒྱས་དང་མཛེས་སྡུག་མཉམ་གནས་མངོན་འགྱུར་བྱ་དགོས།
ད་ལོའི་ཚུན་ལ ། ཀྲུའུ་ཞི་ཞི་ཅིན་ཕིང་སྐུ་དངོས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་བཀོད་འདོམས་མཛད་དེ། གཡོ་འགུལ་ཆེ་བའི་འཛམ་གླིང་ལ་ཆེས་རྩ་ཆེ་བའི་བརྟན་བརླིང་རང་བཞིན་དང་ངེས་གཏན་རང་བཞིན་འདོན་སྤྲོད་གནང་ལ། ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོའི་ཟང་ཟིང་ཁྲོད་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་གཞོམ་མེད་བྲག་རི་ལྟ་བུར་འགྱུར་བར་སྣེ་ཁྲིད་གནང་ཡོད།
ཟླ5པར་གོ་ལ་ཧྲིལ་པོའི་མིག་རྒྱང་པེ་ཅིང་ལ་ཕྱོགས་ཡོད། ན་ནིང་གི་ཟླ10པར་ཧྥུའུ་ཧྲན་དུ་ཞལ་འཛོམས་གྲོས་མོལ་གནང་རྗེས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་དང་ཡང་བསྐྱར་མཇལ་འཕྲད་གནང་ནས། ཀྲུང་གོ་དང་ཨ་རིའི་འབྲེལ་བའི་ལོ་རྒྱུས་ཀྱི་དུས་སྐབས་གསར་པ་ཞིག་གི་འགོ་བརྩམས།
རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཀྲུང་གོ་དང་ཨ་རིའི་འཛུགས་སྐྲུན་རང་བཞིན་གྱི་འཐབ་ཇུས་བརྟན་ལྷིང་གི་འབྲེལ་བའི་ངེས་གནས་གསར་པ་མཉམ་དུ་གཏན་འཁེལ་བྱས་ཏེ། མ་འོངས་པའི་ལོ3དང་ཐ་ན་དུས་ཡུན་དེ་ལས་རིང་བའི་ཀྲུང་ཨ་འབྲེལ་བར་འཐབ་ཇུས་ཀྱི་ཁྲིད་སྟོན་གནང་།
གཙོ་འཛིན་གྱིས་སྣེ་ཁྲིད་གནང་རྒྱུ་ནི་ཀྲུང་ཨུ་འབྲེལ་བ་བརྟན་བགྲོད་རྒྱལ་འཁྱོལ་ཡོང་བའི་རྩ་བའི་འགན་སྲུང་ཡིན།
ད་ལོར་ཀྲུང་གོ་དང་ཨུ་རུ་སུ་ཡིས་འཐབ་ཇུས་མཉམ་ལས་གྲོགས་པོ་འབྲེལ་བ་བཙུགས་ནས་ལོ30འཁོར་བ་དང་། ཁྱིམ་མཚེས་རྒྱལ་ཁབ་ཀྱི་མཛའ་མཐུན་མཉམ་ལས་ཆིངས་ཡིག་ལ་མིང་རྟགས་བཀོད་ནས་ལོ25འཁོར་བའི་ལོ་རེད།
དབྱར་ཟླ་འབྲིང་བར། སྲིད་འཛིན་ཕུའུ་ཅིན་གྱིས་ཀྲུང་གོར་འཚམས་འདྲི་ཐེངས25པ་གནང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས《ཀྲུང་ཨུ་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་མཉམ་ལས་ཆིངས་ཡིག》མུ་མཐུད་དུ་རྒྱུན་བསྲིང་བྱ་རྒྱུར་མོས་མཐུན་བྱུང་སྟེ། ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ལ་སྔར་བས་ཤུགས་སྣོན་པ་དང་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས་ལ་ཐུན་མོང་ཐོག་མཚན་རྟགས་བཀོད།
ད་ལོ་ནས་བཟུང་། ཡོ་རོབ་ཀྱི་རྒྱལ་ཁབ་མང་པོའི་འགོ་ཁྲིད་པས་ཀྲུང་གོ་དང་མཉམ་ལས་ཇེ་ཟབ་ཏུ་གཏོང་བའི་འདུན་པ་བཅངས་ནས་སྔ་རྗེས་སུ་འཚམས་འདྲིར་སླེབས། དེའི་ཁྲོད་ལོ་བཅུ་བཞིའི་རིང་ཐོག་མར་ཀྲུང་གོར་འཚམས་འདྲིར་ཡོང་བའི་ཨིར་ལན་གྱི་ཙུང་ལི་མ་ཏིན་ཡོད་ལ། བསྟུད་མར་ལོ་བཞིར་ཐེངས་བཞིར་ཀྲུང་གོར་འཚམས་འདྲིར་ཕེབས་མཁན་ཏེ། སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སི་དང་། ཚད་གཞི་མཐོ་བའི་དཔལ་འབྱོར་ཚོང་དོན་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་ནས་ཕེབས་མཁན་འཇར་མན་གྱི་ཙུང་ལི་མའོ་ཚི་དང་། ཧྥིན་ལན་གྱི་ཙུང་ལི་ཨོ་འར་པོ། སྐབས་དེའི་དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐ་མོ་བཅས་ཡོད་པར་མ་ཟད། ད་རུང་འགན་བཞེས་ནས་ཐེངས་དང་པོར་ཀྲུང་གོར་འཚམས་འདྲིར་ཡོང་བའི་སི་ལོ་ཝ་ཁེའི་སྲིད་འཛིན་ཕེ་ལེ་ཀི་ལེ་ནེ་སོགས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁོ་ཚོ་རེ་རེར་ཞལ་འཛོམས་གྲོས་མོལ་གནང་བ་དང་། ཕྱོགས་གཉིས་རིམ་པའི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་ཆབས་ཅིག ལྷག་པར་དུ་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེ་བ་ཡོང་དགོས་པ་ནན་གྱིས་བསྟན།
ཟླ5པར་སེར་ཝེ་ཡའི་སྲིད་འཛིན་ཝུའུ་ཆི་ཆིས་ཀྱིས་ཀྲུང་གོར་འཚམས་འདྲི་གནང་བ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁོང་ལ“མཛའ་བརྩེ་བྱས་རྗེས་གཟེངས་རྟགས”གནང་བ་རེད། ཀྲུང་གོ་དང་སེར་ཝེ་ཡ་ཡིས་མཉམ་འབྲེལ་གསལ་བསྒྲགས་གཉིས་སྤེལ་ནས། དུས་རབས་གསར་པའི་ཀྲུང་གོ་དང་སེར་ཝེ་ཡ་རྒྱལ་ཁབ་གཉིས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་མུ་མཐུད་དུ་སྐུལ་འདེད་བཏང་ནས། གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་དོན་འཁྱོལ་བྱ་རྒྱུར་ཐུན་མོང་སྐུལ་འདེད་བཏང་།
མཐའ་སྐོར་ནི་ཀྲུང་གོར་འབྲེལ་བ་ཆེ་བའི་ས་གནས་ཡིན་པས། ཕྱི་འབྲེལ་གྱི་ཁྱོན་ཡོངས་ཁྲོད་གོ་གནས་གལ་ཆེན་ལྡན།
ཟླ6པར། རི་ཆུ་མཉམ་དུ་འབྲེལ་བའི་མཛའ་བརྩེ་ཁྱིམ་མཚེས་རྒྱལ་ཁབ་ཁྲའོ་ཞན་ནི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ལོར་རྒྱལ་དོན་འཚམས་འདྲི་གནང་སའི་རྒྱལ་ཁབ་ཐོག་མ་རུ་གྱུར།
《ཀྲུང་ཁྲའོ་མཛའ་བརྩེ་མཉམ་ལས་རོགས་རེས་ཆིངས་ཡིག》བཞག་ནས་ལོ་ངོ65འཁོར་བའི་སྐབས་དང་འཁེལ་བས། ཁྲའོ་ཞན་གྱིས་གུས་ལུགས་གཟབ་རྒྱས་ཀྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་དགའ་བསུ་ཞུས་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲིན་ཨེན་གྱིས་ཅིན་རི་ཁྲིན་ཐང་ཆེན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་འཚོགས་པ་རེད།
གྲོས་མོལ་བྱེད་སྐབས། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པས་དུས་རབས་གསར་པའི་ཀྲུང་ཁྲའོ་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་བ་མ་ཟད། ས་ཁུལ་དང་འཛམ་གླིང་ཞི་བདེ་བརྟན་བརླིང་སྲུང་སྐྱོང་བྱ་བའི་ཐད་དགོངས་འཆར་བརྗེ་རེས་ཀྱང་གནང་བ་རེད།
དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཞུགས་པ་ནས་ཁྲའོ་ཞན་གྱི་ཆེད་དོན་རིག་རྩལ་འཁྲབ་སྟོན་ལ་གཟིགས་པ་དང་། ཀྲུང་གོ་དང་ཁྲའོ་ཞན་གྱི་མཛའ་བརྩེ་བཟོ་བཀོད་ལ་ལྟ་སྐོར་དང་། ཁྲའོ་ཞན་ཏང་ཀྲུང་དབྱང་གི་ལས་བྱེད་སློབ་གྲྭར་འཚམས་འདྲིར་ཕེབས་པ། ཁྱབ་རྒྱ་ཆུང་བའི་ཉིན་གུང་གསོལ་སྟོན་ལ་ཞུགས་པའི་བར། སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲིན་ཨེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཁྲའོ་ཞན་དུ་འཚམས་འདྲིའི་བྱེད་སྒོར་ཕེབས་རོགས་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཁྲའོ་ཞན་གྱི་སྲོལ་རྒྱུན་མཛའ་བརྩེ་ལ་དུས་རབས་ཀྱི་ནང་དོན་གསར་པ་དང་སྒུལ་ཤུགས་ཆེན་པོ་བསྩལ།
གཡོ་འགུལ་འཕོ་འགྱུར་གྱི་འཛམ་གླིང་ཐད་ཀྲུང་གོ་ནི་ནམ་ཡང་ས་ཁུལ་བདེ་འཇགས་ཀྱི་གཏིང་རྡོ་བརྟན་པོ་དེ་ཡིན། ཟླ4པ་ནས་བཟུང་།ཝེ་ཐེ་ནམ་དང་། ལའོ་ཝུའོ། ཐ་ཇིག་སི་ཐན་སོགས་མཐའ་སྐོར་རྒྱལ་ཁབ་ཀྱི་འགོ་ཁྲིད10ལྷག་སྔ་རྗེས་སུ་ཀྲུང་གོར་འཚམས་འདྲིར་ཕེབས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕྱོགས་སོ་སོ་དང་མཉམ་དུ་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་གཏིང་ཟབ་བྱ་རྒྱུའི་སྐོར་གྲོས་མོལ་གནང་བ་རེད། ཀྲུང་གོའི་འཕེལ་རྒྱས་གསར་པར་བརྟེན་ནས་མཐའ་སྐོར་རྒྱལ་ཁབ་ལ་གོ་སྐབས་གསར་པ་དང་སྒུལ་ཤུགས་གསར་པ་མུ་མཐུད་དུ་འདོན་སྤྲོད་བྱས།
ད་ལོའི་ཚུན་དུ། ཀྲུང་གོའི་གཙོ་འཛིན་གྱི་ཕྱི་འབྲེལ“གྲོགས་ཚོམས”རྒྱུན་ཆད་མེད་པར་རྒྱ་བསྐྱེད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱང་རིང་ནས་ཡོང་བའི་གྲོགས་པོ་གསར་པ་མང་པོར་མཇལ་འཕྲད་གནང་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཐུན་སྒྲིལ་མཉམ་ལས་དང་ཐུན་མོང་འཕེལ་རྒྱས་ཐད་སྒུལ་ཤུགས་གསར་པ་བསྩལ།
ཟླ2པར། ཝུའུ་ར་ཀུའེ་ཡི་སྲིད་འཛིན་ཨོ་འར་ཞི་ཀྲུང་གོར་འཚམས་འདྲིར་ཕེབས་པ་དེ་ད་ལོའི་ལ་ཏིང་མེ་གླིང་རྒྱལ་ཁབ་ཀྱི་གཙོ་འཛིན་ཐོག་མ་ཡིན་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོས་མོལ་མཛད་སྐབས། ཀྲུང་གོས་ཝུའུ་ར་ཀུའེ་ཕྱོགས་དང་ས་ཁུལ་དང་རྒྱལ་ཁབ་དང་མཉམ་དུ་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་འདོད་ཡོད་པའི་ཚུལ་བསྟན།
ཨ་ཧྥེ་རི་ཁའི་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པ་སྟེ་མོ་ཙམ་པི་ཁེའི་སྲིད་འཛིན་ཁྲ་པོ་དང་ན་སྨི་པི་ཡའི་སྲིད་འཛིན་ཨེན་ཏའེ་ཐི་ཝ་ཡིས་ད་ལོར་ཐོག་མར་ཀྲུང་གོར་འཚམས་འདྲི་བྱས། ཀྲུང་གོས་རྒྱལ་ཁབ་གཉིས་དང་མཉམ་དུ་ཕྱོགས་གཉིས་ཀྱི་འབྲེལ་བ་དེ་དུས་རབས་གསར་པའི་ལས་སྐལ་གཅིག་མཐུན་ཚོགས་པ་རུ་མཐོར་འདེགས་བཏང་།
ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་ལོར། འཛམ་གླིང་གིས“ཤར་ཕྱོགས་སུ་ལྟ་བ”དེ་འགོག་ཐབས་མེད་པའི་དུས་རབས་ཀྱི་རླབས་རྒྱུན་ཞིག་ཏུ་གྱུར་ཡོད་པ་དང་། དེའི་གནད་འགག་ནི་གཙོ་འཛིན་གྱི་ཕྱི་འབྲེལ་སྣེ་ཁྲིད་ཀྱི་ཁ་ཕྱོགས་ལ་ཐུག་ཡོད།
དེང་སྐབས་ས་ཁུལ་བར་གྱི་འགལ་ཟླ་ཡང་ཡང་བྱུང་ནས། གོ་ལ་ཧྲིལ་པོའི་བདེ་འཇགས་བརྟན་ལྷིང་ལ་མུ་མཐུད་དུ་ཤུགས་རྐྱེན་ཐེབས། འགན་ཁུར་མཁན་གྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཆ་ནས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཞི་བདེ་སྲུང་སྐྱོང་གི་བརྟན་ལྷིང་སྟོབས་ཤུགས་ལ་གཞོལ་ནས། རྩ་ལག་མཉམ་བཅོས་ཀྱི་གླེང་གཞི་མང་བའི་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་འཚོལ་ཞིབ་བྱེད་བཞིན་ཡོད།
དབུས་ཤར་མཚོ་ཁུག་ས་ཁུལ་གྱི་གནས་བབ་ལ་དམིགས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུས་ཤར་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་དང་སྐུལ་སྤེལ་གཏོང་རྒྱུའི་བཞེད་དགོངས་ཁག་བཞི་བཏོན།
ཝུའུ་ཁི་ལན་གྱི་ཉམས་ཉེན་ལ་དམིགས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འགག་རྩ་ནི་གླེང་མོལ་དང་གྲོས་མོལ་བརྒྱུད་དེ་ཐག་གཅོད་ཀྱི་ཇུས་གཞི་འཚོལ་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་དེ་ཡིན་པ་བསྟན།
རྫོགས་མཐའ་མེད་པའི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་མདུན་དུ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་བཅོས་སྒྱུར་དང་འཐུས་ཚང་དུ་གཏོང་རྒྱུ་དེ་རྒྱལ་ཁབ་ཁག་གི་ཡོངས་ཁྱབ་ཀྱི་དགོས་མཁོར་གྱུར་ཡོད།
གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་ངེས་པར་དུ་དུས་བསྟུན་མདུན་སྐྱོད་བྱེད་དགོས་པ་དང་། ཁྱབ་ཁོངས་གསར་པར་སྒྲིག་སྲོལ་གྱི་སྟོང་ཆ་སྐོང་དགོས།
ཟླ7པར། 2026ལོའི་འཛམ་གླིང་གི་མི་ཐབས་རིག་ནུས་ཚོགས་ཆེན་དང་མི་ཐབས་རིག་ནུས་གོ་ལ་ཧྲིལ་པོ་བཅོས་སྐྱོང་གི་རིམ་པ་མཐོ་བའི་ཚོགས་འདུ་ཧྲང་ཧའེ་རུ་འཚོགས། ཀྲུའུ་ཞི་ཞི་ཅིན་ཕིང་འགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད། བརྗོད་དོན་གསུང་བཤད་གནང་སྟེ། དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་བཅོས་སྐྱོང་མ་ལག་མཉམ་དུ་འཛུགས་རྒྱུའི་ཐད་ཀྲུང་གོའི་ཇུས་གཞི་བཏོན།
འཐབ་ལམ་གསར་པའི་སྟེང་། ཀྲུང་གོས་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་། ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་ཀྱི་དར་ཆ་མུ་མཐུད་དུ་མཐོན་པོར་བསྒྲེངས་ནས། མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་བ་དང་། རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པར་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་སྟེ། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་དྲང་ནུས་སྔར་ལས་མང་པོ་སྩོལ་རྒྱུ་རེད།