སློབ་ཆེན་པ་སྐོར་ཞིག་གི་ལས་གཏོད་ལམ་ཁ།
མཚོ་སྔོན་པོའི་ཡུལ་སྐོར་དུས་གཞུང་ཐོན་ལ་ཉེ་སྐབས། སྟོབས་ལྡན་དབང་ཕྱུག་གིས་སྐར་ཁུང་འགྲུལ་ཁང་གི་ཁང་མིག8པོའི་ཕྱི་ནང་ཚང་མ་གཙང་མར་ཕྱགས། གཙང་མར་བཀྲུས་ཡོད་པའི་མལ་གདན་དང་ཉལ་ཐུལ་ཤུན་པ་རྣམས་བརྗེ་བ་དང་། བཟའ་བཏུང་ཚོམས་ཆེན་གྱི་ཅོག་ཙེ་དང་ཨོང་སྟེགས་ཚང་མའང་གཙང་མར་ཕྱིས་ནས་ཡུལ་སྐོར་པ་སྐོར་དང་པོ་ཐོན་པར་སྒུག་ཡོད།
“ད་ལོ་གཞན་དང་མི་མཚུངས་པ་ནི་བཙལ་བའི་སྒོར་མོ་ཚང་མ་རང་གི་ཡིན།”སྟོབས་ལྡན་དབང་ཕྱུག་སྐར་ཁུང་གི་སྒོ་མདུན་དུ་ལངས་ཡོད་ལ། གདོང་ལ་ལྷོད་ཡངས་ཀྱི་རྣམ་པས་ཁེངས་ཡོད། “དངུལ་ཁང་གི་དངུལ་བུན་དང་གྲོགས་པོར་བསྐྱིས་པའི་དོམ་ཚང་མ་ན་ནིང་འཇལ་ཚར་སོང་།”
སྟོབས་ལྡན་དབང་ཕྱུག་ནི་གུང་ཧོ་རྫོང་རྟ་ནག་མ་ཞང་བུམ་པ་སྡེ་བའི་མི་རེད། ཁོ་ཚོའི་སྡེ་བ་མཚོ་སྔོན་པོའི་ཁ་རུ་ཡོད། 2018ལོར། ཁོ་མཚོ་སྔོན་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་ནས་རླངས་འཁོར་བེད་སྤྱོད་ཆེད་ལས་སྦྱངས་རྗེས་ཕྱིར་སྡེ་བའི་ནང་དུ་ལོག
སྐབས་དེར་སྟོབས་ལྡན་དབང་ཕྱུག་ཚང་ནི་ཚགས་བཙུགས་བྱང་སྒྲིག་གི་དབུལ་ཕོངས་ཁྱིམ་ཚང་ཞིག་ཡིན་པས། ཡུལ་ལ་བརྟེན་ནས་འདུག་ས་མེད། ཁོ་རྟ་ནག་མ་ཞང་གྲོང་རྡལ་གྱིས་བསྡུས་ནས་བུམ་པ་སྡེ་བར་བྱ་བ་སྒྲུབ་ཏུ་མངགས། ཧྲུའུ་ཅི་དང་པོར་རོགས་རམ་བྱས་ཏེ་གཞི་གྲངས་སྡོམ་རྩིས་དང་རྒྱུ་ཆ་དག་སྒྲིག་བྱས། གླ་ཕོགས་མི་མཐོ་རུང་རང་ཁ་རང་གསོ་བྱེད་ཐུབ་པས་ཡུལ་ལ་ལག་པ་སྲིང་མ་དགོས།
སྡེ་བར་སྡོད་པའི་སྐབས་ཐོག་དེར་སྟོབས་ལྡན་དབང་ཕྱུག་གིས་ཉིན་དཀར་བྱ་བ་སྒྲུབ་པ་དང་། དགོང་མོར“འདི་ལྟར་སོང་ན་མི་འགྲིག་སྙམ་སྟེ། ལས་གཏོད་ཅིག་ཡིན་གཅིག་མིན་གཉིས་བྱེད་དགོས”པའི་ཐད་ལ་བསམ་བློ་བཏང་།

སྟབས་ལེགས་པ་ཞིག་ལ་ཁོ་རང་སྡེ་བ་གཅིག་པའི་བདེ་ལེགས་རྡོ་རྗེ་དང་འཕྲད། བདེ་ལེགས་རྡོ་རྗེས2018ལོར་བོད་ལྗོངས་སློབ་ཆེན་གྱི་བོད་ཡིག་ཆེད་ལས་ནས་ཞིབ་འཇུག་སློབ་མའི་བསླབ་གནས་བླངས་ཡོད་པ་དང་། གཞན་ཡུལ་དུ་ལོ་ངོ་གཉིས་ལ་ལས་ཀ་བཙལ་རྗེས་ཕྱིར་སྡེ་བར་ལོག་ཡོད། ཁོ་གཉིས་གྲོས་ཁ་མཐུན་པ་དང་སློབ་ཆེན་སློབ་གྲོགས་འགའ་ལ་འབྲེལ་གཏུག་བྱས་ཏེ། 2020ལོར་མཚོ་སྔོན་རྟ་ནག་མ་བྲག་དཀར་བུམ་པ་དམངས་སྲོལ་འགྲུལ་ཁང་རིག་གནས་ཉམས་ལེན་ཀུང་སི་ཐོ་འགོད་བྱས་ནས་བཙུགས་ལ། གྲོས་བསྡུར་ཐེངས་འགའ་ལ་བྱས་པ་བརྒྱུད་ཨོང་བའི་ཚོང་གཉེར་བྱེད་རྒྱུ་ཐག་བཅད།
“དེ་བདམས་ན་གཅིག་ནས་མ་རྩ་ཉུང་ལ་གཉིས་ནས་ཨོང་བ་རྫ་མགོ་རི་མགོ་གང་དུའང་འཐུ་རྒྱུ་ཡོད། འབྲོག་པ་རྣམས་ཀྱིས་མི་རབས་ནས་མི་རབས་སུ་ཨོང་བ་བུས་པས། མང་ཚོགས་ཀྱི་ཁས་ལེན་ཐོབ་ཡོད་པ་དང་ཁོར་ཡུག་སྲུང་སྐྱོང་དང་ཡང་མཐུན”ཞེས་སྟོབས་ལྡན་དབང་ཕྱུག་གིས་ཕྱིར་དྲན་བྱས་ནས་དེ་ལྟར་བཤད།
བཤད་མ་ཐག་ཏུ་ལས། ང་ཚོ་ནི་སྦྱིན་བདག་ཡིན་ལ་ལས་བཟོ་པའང་ཡིན། རང་ཉིད་ཀྱིས་ཨོང་བ་འཐུལ་བ་དང་རང་ཚང་གི་ཕྱུགས་ཁང་འཁོར་ཁང་དུ་བརྩིས་ཏེ། ཨོང་བའི་ནང་ས་དམར་དང་ཚྭ་ཁུ། འབར་རྩི་བསྲེས་ནས་ཐོག་དང་པོར་ཨོང་གྱོམ1000ལྷག་བརྒྱབ། ཡིད་ཆེས་བརྟན་པོས་ཚོང་ཁྲོམ་ལ་འོས་སྦྱོར་བྱས་མོད། འོན་ཀྱང་མཇུག་མཐར་ཕམ་སོང་། འབར་ཡུན་ཐུང་ཞིང་འབར་ཤུགས་ཞན་པས་སོལ་བ་དང་བསྡུར་ཐབས་བྲལ། སྐབས་དེར་འབྲོག་མི་རྣམས་སོལ་བ་བཀོལ་བར་གོམས་ཡོད་པས་ང་ཚོའི་ཨོང་བ་ཉོ་མཁན་མེད་པར་གྱུར།

ཐེངས་དང་པོའི་བརྩོན་པ་འདི་ལྟར་ཆུ་ལ་བསྐུར། ང་ཚོ་གྲལ་གཅིག་ཏུ་ཙོག་ནས་སེམས་པ་སྡུག་གིས་ཁེངས་བཞིན་ཉིན་འགའ་ལ་གྲོས་བྱས་པ་ན་ཅི་ཞིག་འགྲིག་མེད་པའི་སྣང་བ་སྦྱིན། ང་ཚོས་མཚོ་སྔོན་པོ་བསྐོར་ནས་བསྡད་ན་ཡུལ་སྐོར་པ་ལོ་རེ་ནས་ལོ་རེར་ཇེ་མང་ཡིན་རུང་དེ་དག་གིས་མཚོ་ལ་བལྟས་རྗེས་ཕྱིར་ལོག་འགྲོ སྡེ་བའི་ནང་གི་དམངས་སྲོལ་རིག་གནས་དང་འབྲོག་ཁྱིམ་གྱི་འཚོ་བ་སུས་ཀྱང་མཐོང་ཐུབ་བཞིན་མེད། གནས་ཚུལ་དེ་ཤེས་མ་ཐག་ཚང་མའི་གདོང་ལ་རེ་ལྟོས་ཀྱིས་ཁེངས། ཐོན་ཁུངས་འདི་འདྲ་ལེགས་པོ་ཞིག་ཡོད་བཞིན་དུ་ཅིའི་ཕྱིར་ཨོང་བ་ཁོ་ནར་བརྟེན་དགོས་པ་ཡིན་ནམ་སྙམ།
དེ་ནས། ཁོ་ཚོ“ཐོན་རྫས་འཚོང་བ”ནས“རིག་གནས་འཚོང་བའི”ལམ་ཁར་ཆས། གྲོང་གསེབ་དར་སྤེལ་གྱི་རོགས་སྐྱོར་མ་དངུལ་དང་། དེའི་ཁར་དངུལ་ཁང་གི་དངུལ་བུན་དང་ཉེ་མི་སྤུན་གྲོགས་ཀྱི་བསྐྱིས་དངུལ་བསྣན་ནས། བཟའ་བཏུང་དང་ཞག་སྡོད། རིག་གནས་ཉམས་ལེན་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རྟེན་གཞི་ཞིག་བསྐྲུན། མཛུབ་སྟོན་དགེ་རྒན་གྱི་རོགས་རམ་འོག ཡུལ་སྐོར་པས་ཐང་ག་དང་བོད་ཡིག་ཡིག་གཟུགས། སྣུམ་ཚོན་རི་མོ་བཅས་བྲིས་ཆོག་ལ། འབྲོག་པའི་འཚོ་བར་ཉམས་ལེན་བྱེད་འདོད་ན་གང་འདོད་དུ་རྟར་བཞོན་པ་དང་ཕྱུགས་འཚོ་བ། འོ་མ་དཀྲུགས་པ། ཨོང་བ་དང་ཤ་མོ་འཐུ་བ་སོགས་བྱེད་ཆོག དགོང་མོ་བོད་ཀྱི་གླུ་གར་འཁྲབ་སྟོན་ཡོད་ལ། ཕྱིར་འགྲོ་ཁར་རང་ཡུལ་འབྲོག་ཁྱིམ་གྱི་ཞིང་ཕྱུགས་དང་རིག་གནས་གསར་སྐྲུན་གྱི་ཐོན་རྫས་ཉོས་ཆོག
ཀུང་སིས“ཀུང་སི+མཉམ་ལས་ཁང+ཁྱིམ་ཚང་ཕྱུགས་ར+འབྲོག་ཁྱིམ”གྱི་བྱེད་སྟངས་སྤྱད་ནས། མཐའ་འཁོར་མང་ཚོགས་ཀྱི་ཁྱད་ལྡན་ཐོན་རྫས་རིན་མེད་སྒོས་ཚབ་འཚོང་བྱེད་བཞིན་ཡོད། གསེར་མོ་སྐྱིད་ནི་སྡེ་བའི་ནང་གི་འབྲོག་མོ་ཞིག་ཡིན་ལ། ན་ནིང་འགྲུལ་ཁང་གི་གཙང་སྦྲ་པ་བྱས། ཟླ་ངོ3གྱི་ཚོང་གཉེར་གྱི་སྐབས་སུ་སྒོར་ཁྲི1.3བཙལ། “དུས་རྒྱུན་ཡུལ་ནས་ཕྱུགས་འཚོས་པ་ཡིན། ནོར་རྩྭ་སར་དེད་རྗེས། ལས་ཚོགས་སུ་སོང་ན་ཆོག་པས་ཁྱིམ་ཚང་ལའང་བདག་སྐྱོང་བྱེད་ཐུབ”ཟེར།
བསམ་ཚུལ་ལེགས་རུང་ལག་ལེན་དུ་བསྟར་ན། རིག་གནས་ཡུལ་སྐོར་སྣེ་ལེན་ལ་དུས་ཚིགས་ཀྱི་ཚད་བཀག་ཆེ་བས་དུས་གཞུང་དུ་མ་ཐོན་གོང་ཡོང་སྒོ་མེད། དབྱར་ཁར་ཐོན་པའི་ཡུལ་སྐོར་པ་ཁོ་ནར་བརྟེན་ན་ལོ་ཧྲིལ་པོའི་འགྲོ་སྒོ་རྩ་བ་ནས་མི་སོད། དེ་ནས་ཁྱད་ལྡན་ཐོན་རྫས་འཚོང་བ་དང་ཉམས་ལེན་བྱེད་དུ་འཇུག་པ་ལས་གཞན། ཀུང་སིས་ཤིང་བཟོའི་རྒྱན་སྤྲོས་ལས་ཀ་བླངས་ཏེ།གང་ན་ལས་ཀ་ཡོད་ན་དེར་སོང་སྟེ་སྒོར་མོ་མང་ཙམ་བཙལ་བསམ་པ་ཡིན།
2025ལོར། ཀུང་སིས་ལོ་ཧྲིལ་པོར་ཡུལ་སྐོར་པ1500ལྷག་སྣེ་ལེན་བྱས་ཤིང་ཁེ་སྤོགས་སྒོར་ཁྲི30ཐོབ། སྒོར་ཁྲི20ལྷག་གིས་དངུལ་བུན་དང་བསྐྱིས་དངུལ་སྤྲད་པ་དང་། ལྷག་མའི་སྒོར་ཁྲི10ཀུང་སི་འཛུགས་མཁན་གྱི་མི7པོ་དང་ལས་བཟོ་པ3པོར་ཧ་ལམ་སྒོར་ཁྲི1རེ་བགོས། སྟོབས་ལྡན་དབང་ཕྱུག་གིས་ད་རུང་བུམ་པ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་ལས་རོགས་པའི་འགན་འཁུར་ཡོད་ལ། ཟླ་རེར་སྒོར3000གི་གླ་ཕོགས་ཡོད་པས་ཆེས་དཀའ་བའི་དུས་སྐབས་མཇུག་རྫོགས་ཡོད།
ན་ནིང་གི་ལོ་མཇུག་ཏུ་དོམ་དང་བུ་ལོན་ཚང་མ་འཇལ་ཚར་སོང་།
ད་ལོ། ཁོ་ཚོས་སྐར་ཁུང་དམངས་སྲོལ་འགྲུལ་ཁང་གསར་པ་གསར་རྐྱང་དུ་བསྐྱར་ལས་བྱས་ཤིང་། བཟའ་བཏུང་ཁུལ་གྱི་ཟས་རིགས་ཚང་མ་གྲ་སྒྲིག་ལེགས་པོ་བྱས་ཡོད་ལ། རིག་གནས་གསར་སྐྲུན་ཐོན་རྫས་ཀྱི་སྒྲོམ་གཞིའང་བསྐྱར་དུ་བསྒྲིགས་ཡོད། སྟོབས་ལྡན་དབང་ཕྱུག་གིས་སྐབས་ཐོག་ཏུ་ཏན་ཏན་ཏིག་ཏིག་གིས་ཞབས་ཞུ་ལེགས་པོར་བསྒྲུབས་ནས་འདིར་ཐོན་པའི་ཡུལ་སྐོར་པ་རྣམས་ལ་མཚོ་སྔོན་པོའི་མཛེས་པ་མཐོང་དུ་འཇུག་རྒྱུ་ཡིན་པར་མ་ཟད་བུམ་པ་སྡེ་བའི་དྲོད་ཁོལ་ཡུལ་སྐོར་པ་རྣམས་ཀྱི་སེམས་སུ་འཇོག་རྒྱུ་ཡིན་ཞེས་བཤད།
ཨོང་བ་ནས་དམངས་སྲོལ་ཉམས་ལེན་བར་དང་། དོམ་ཁུར་ཏེ་མགོ་བརྩམས་པ་ནས་ལྷོད་ལ་འབབ་རག་བར། ཕྱིར་ལོག་སློབ་ཆེན་བདུན་པོའི་ལས་གཏོད་བགྲོད་ལམ་ནི་ཀྱག་ཀྱོག་གི་ལམ་དུ་སོང་བའི་ལོ་ངོ་ལྔ་ཡིན་རུང་། ད་ལྟ་ཁོ་ཚོ་དོན་དམ་པས་ལྷོད་ཡངས་བག་ཕེབས་ཀྱི་ལམ་ཁར་ཆས་ཡོད། །