ལོ་ངོ་སུམ་ཅུར་བྱེ་ས་འགོག་བཅོས་བྱས། ། མུ་གེ་ཐང་ལ་ལྗང་མདོག་གསར་པ་མངོན། །
དབྱར་གཞུང་གི་ཟླ་བདུན་པར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་མུ་གེ་ཐང་གི་བྱེ་ཁུལ་དུ་སོང་བ་ན། མིག་ལམ་དུ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་ཞིག་མངོན་ཡོང་། རྒྱང་རིང་དུ་འཐེན་པའི་ཤིང་བྲ་མ་དང་ལྕང་ནག མ་གལ་སྡོང་པོའི་སྐྱེད་ཚལ་གྱིས་རླུང་གིས་འཁུར་བའི་བྱེ་སྒང་དེ་དག་གནས་དེར་བརྟན་པོར་བཏེགས་ཡོད་ལ། ལྗང་ནེམ་ནེམ་གྱི་སྤང་ཐང་ནི་རྩྭ་གདན་ཞིག་དང་འདྲ་བར་མྱ་ངམ་ཐང་དུ་བཏིངས་ཡོད། སྤྱི་ལེ185ཡིས་སྲུང་རགས་བསྐོར་བའི་བྱེ་འགོག་གི་སྲུང་ཡོལ་ནགས་ཚལ་ནི་ལྗང་མདོག་གི་ལྕགས་རི་རིང་མོ་ཞིག་དང་འདྲ་བར་ཐག་རིང་དུ་འཐེན་ཡོད། ལོ་ངོ་སུམ་ཅུའི་ཡར་སྔོན་དུ་ཡུལ་འདིར་བྱེ་མས་གཙེས་ཤིང་བྱེ་རླུང་གང་སར་ལྡང་ནས། ལོ་རེར་རྩྭ་ས་དང་ཞིང་ས་སྨི5ནས15རེ་བྱེ་མས་མནན་ཞིང་མང་ཚོགས་ཀྱི་འཚོ་བའི་བར་སྟོང་ཇེ་དོག་ཏུ་བཏང་། “བྱེ་མས་ཚུར་རྒོལ་དང་མི་ཕྱི་སྣུར་བྱེད་པ”ནི་མང་ཚོགས་ཀྱི་བྱོལ་ཐབས་བྲལ་བའི་སེམས་ནད་ཅིག་ཏུ་གྱུར། 1996ལོར། ཡུན་རིང་རྒྱུན་སྲིང་གི་བྱེ་འགོག་བྱེ་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཅིག་དངོས་སུ་རྒྱག་མགོ་བརྩམས།

མུ་གེ་ཐང་བྱེ་ཁུལ།
མཚོ་འཕགས་སྨི3100ཡོད་པའི་མུ་གེ་ཐང་ནི་གྲང་འཁྱགས་ཐན་ཁུལ་དུ་གནས་པས་སྐྱེ་ཁམས་ཉམ་ཐག་པ་ཞིག་རེད། རྫོང་ཡོངས་ཀྱི་ས་ཞིང་མུའུ་ཁྲི342བྱེ་སར་གྱུར་པའི་ཁྲོད་ཀྱི་བྱེ་འགྱུར་ས་ཞིང་མུའུ་ཁྲི142ཡུལ་དེ་ན་གཅིག་ཏུ་འདུས་ཡོད། བྱེ་རླུང་གཡུག་ཚེ་ཉི་འོད་བསྒྲིབས་ནས་མུན་ནག་འཐིབ་འགྲོ་བས་མང་ཚོགས་ཀྱིས་ཐོན་སྐྱེད་དང་འཚོ་བའི་ཁྲོད་བྱེ་རླུང་གི་གནོད་པ་མྱོང་དགོས། ད་ལོ་ལོ་བདུན་ཅུ་ལྷག་ལ་སོན་པའི་བོད་རིགས་རྒན་པོ་འཕགས་རྒྱལ་ནི་ལྗང་མདོག་འགག་སྒྲོལ་དམག་འཐབ་ལ་དངོས་སུ་ཞུགས་མཁན་ཞིག་ཡིན། ལོ་ངོ་སུམ་ཅུའི་སྔོན་ལ། བྱེ་ཁུལ་གཞིས་ཁྱིམ་དང་ཐག་ཇེ་ཉེར་འགྲོ་བཞིན་པ་མཐོང་བའི་མོད་ལ། ཁོས་རང་གི་འཕྲུལ་རྟ་དང་ནོར་ལུག་བཙོངས་ནས་སྡོང་ཕྲུག་ཉོས་ཤིང་བཟའ་མི་གང་བོ་ཁྲིད་ནས་བྱེ་སྒང་དུ་རྩ་བ་ཚུགས། བྱེ་ས་བཅོས་སྐྱོང་གི་ལམ་ནི་ཀྱག་ཀྱོག་ཁོ་ན་སྟེ་ཐོག་དང་པོར་བཙུགས་པའི་སྡོང་ཕྲུག་ཁྲི་གསུམ་པོའི་མང་ཆེ་བ་རླུང་གིས་ཁུར་ནས་བརླག་རུང་ཁོས་ནམ་ཡང་ལས་དེར་འཐམས་ནས་མ་བཏང་། བྱེ་ས་རུ་ཆུ་དཀོན་པས་ཁོས་ས་ལྕགས་ཁེམ་གང་རེ་གང་རེ་མར་བརྐོས་ནས་ཆུ་བཙལ་བ་དང་། སྡོང་ཕྲུག་སྐྱེས་པར་སེམས་ཞིབ་མོས་འགན་སྲུང་བྱས། སྡོང་ཕྲུག་ཕྱུགས་ཟོག་གིས་ཟོས་འགྲོ་བས་རང་གིས་སྒོར་མོ་བཀོལ་ནས་ལྗང་ཁུལ་དུ་ལྕགས་དྲ་བསྐོར། ལོ་ཐོག་ལོ་བརྩེགས་ཀྱིས་བརྟན་སྲུང་བྱས་པས་མཐའ་ཡས་པའི་བྱེ་ཐང་ལ་བསྐྱར་དུ་སྐྱེ་སྟོབས་ཀྱི་དཔལ་རྒྱས་ཤིང་སྡོང་ཕྲུག་སྐྱེས་ཚད90%ལས་བརྒལ། “སྡོང་འཛུགས་བྱེ་བཅོས་ཀྱིས་བསྲུངས་པ་ནི་གཞིས་ཁྱིམ་ཡིན། ད་ལྟ་ལྕགས་ཁེམ་ངའི་བུ་ལ་སྤྲད་ཡོད་ལ། ལྗང་སྲུང་གི་འགན་འཁུར་འདིའང་མི་རབས་ནས་མི་རབས་སུ་རྒྱུན་འཛིན་བྱེད་དགོས།”འཕགས་རྒྱལ་གྱི་བབ་ཆགས་པའི་སྐད་ཆ་དེས་བྱེ་བཅོས་པའི་ལྷག་བསམ་རྣམ་དག་གི་བརྟན་སྲུང་བརྗོད་སོང་།

བྱེ་འགོག་བྱེ་བཅོས་ཉམས་སུ་ལེན་པ།
ལོ་ངོ་ཉི་ཤུ་ལྷག་ལ་ནགས་ཚལ་སྲུང་བའི་སྐྱེ་ཁམས་ལྟ་སྲུང་པ་རྡོ་རྗེ་རྒྱལ་གྱིས་ལོ6ནས་བཟུང་ཕ་མའི་རྗེས་དེད་ནས་སྡོང་ཕྲུག་བཙུགས། ས་དབྱིབས་ལ་རྒྱུས་མངའ་ཞིང་བོད་རྒྱ་སྐད་གཉིས་ཤེས་པའི་ལེགས་ཆར་བརྟེན་ནས། ལོ་རེའི་དཔྱིད་ཀར་སྡོང་འཛུགས་ནགས་སྐྲུན་བྱེད་སྐབས་ཁོ་སྡེ་བའི་གང་སར་རྒྱུགས་ཏེ་ཡུལ་མི་རྣམས་ལ་བྱེ་འགོག་སྡོང་འཛུགས་ཀྱི་སྐུལ་སློང་བྱེད་དུ་སོང་། “ནགས་ཚལ་འདི་ལེགས་པོར་བསྲུངས་ན་བྱེ་རླུང་གིས་ཕ་ཡུལ་ལ་གནོད་པ་སྐྱེལ་མི་སྲིད”རྡོ་རྗེ་རྒྱལ་གྱིས་ལྗང་ཁུལ་ལ་བལྟས་ནས་དེ་ལྟར་བཤད། ཕ་མེས་ཀྱིས་བྱེ་མའི་ནང་དུ་སྡོང་ཕྲུག་ཇི་ལྟར་འཛུགས་པ་སློབ་བཞིན་པའི་ཀོས་ནན་རྫོང་མཁར་བཅའ་སྡོད་སློབ་ཆུང་གི་སློབ་མ་ཏིང་འཛིན་འཚོས་ཆུང་དུས་ནས་བྱེ་བཅོས་ཀྱི་གཏམ་རྒྱུད་ཐོས་ནས་འཚར་ལོངས་བྱུང་བ་རེད། ཕྱོགས་གང་ལ་བལྟས་ནའང་ཚང་ཚིང་སྟུག་པའི་ནགས་ཚལ་མཐོང་བའི་མོད་ལ་བུ་མོ་དེ་དེར་ཡིད་སྨོན་སྐྱེས་ནས“ཕྱིན་ཆད་ངས་ཀྱང་རྩྭ་རྩི་ཤིང་ལ་བདག་སྐྱོང་བྱས་ཏེ་སླ་མོར་ཐོབ་པ་མིན་པའི་ལྗང་ཁུལ་འདིར་གཅེས་སྤྲས་བྱེད་རྒྱུ་ཡིན”ཟེར།
ལོ་ངོ་སུམ་བཅུའི་བྱེ་བཅོས་འགྱུར་ལྡོག་ནི་བྱེ་བཅོས་པ་མང་པོས་དངོས་སྒྲུབ་གསར་སྐྲུན་དང་བསྟུད་མར་འབད་འཐབ་བྱས་པ་དང་འབྲལ་ཐབས་མེད། ཀོས་ནན་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུས་ཀྱི་བཟོ་འགོད་པ་ཡུས་ཐན་ལུང་གིས་ལས་ཡུལ་དང་པོ་རུ་ལོ་ངོ་བཅུ་ཕྲག་ལ་བརྩོན་པ་བསྐྱེད་ནས་བྱེ་བཅོས་བྱེད་སྟངས་ཀྱི་དུས་རབས་རིམ་སྤར་ལ་བདེན་དཔང་བྱས་ཡོད། 2012ལོར་སློབ་ཆེན་མཐར་ཕྱིན་རྗེས། ཁོ་མཐའ་ཡས་པའི་བྱེ་ཐང་འདིར་ཡོང་བ་དང་། རི་མགོ་རུ་བྱ་བ་སྒྲུབ་མགོ་བརྩམས་པའི་སྐབས་དེར་བྱེ་རླུང་གཡུགས་ནས་ལུས་ཧྲིལ་པོར་བྱེ་མས་བཀང་འགྲོ་བས་ཁོར་ཡུག་རྩུབ་མོ་དེར་ལོབས་དཀའ་བར་གྱུར། “བྱེ་བཅོས་རྒན་རབས་པ་རྣམས་ཀྱིས་བྱེ་བཅོས་ནི་ཉིན་གཅིག་ཞག་གཅིག་གི་བྱ་བ་མིན་ལ་ངེས་པར་ཡུན་རིང་དུ་བྱས་རྗེས་འཇོག་དགོས་ཞེས་པའི་མངག་བཅོལ་གནང་མྱོང”ཞེས་ཡུས་ཐིན་ལུང་གིས་དེ་ལྟར་བཤད།
སྔོན་ཆད་བྱེ་ཁུལ་དུ་འགྲོ་སའི་ལམ་མེད་པས་དངོས་ཟོག་ཚང་མ་ཁལ་མར་འགེལ་བ་དང་ཡང་ན་མིས་འཁུར་དགོས། རྗེས་ནས་འདྲུད་འཐེན་འཕྲུལ་འཁོར་སོགས་བསྟུད་མར་ཐོན་པ་དང་། དགོང་མ་གཅིག་ལ་བྱེ་རླུང་གིས་བྱེ་དུང་བསུབ་ནས་བྱེ་ལམ་སྙོམས་པ་ཡིན། “བྱང་གསུམ”བཟོ་འགོད་ལ་བསྟུད་མར་སྐུལ་འདེད་བཏང་བ་དང་བསྟུན་ནས། རིག་ནུས་ཅན་གྱི་བྱེ་བཅོས་སྒྲིག་ཆས་མཐོ་སྒང་བྱེ་ཁུལ་དུ་ཐོན་ལ། མི་མེད་གནམ་གྲུ་འགའ་ཡང་བཀོལ་ནས་མི་མེད་གནམ་གྲུ་གཅིག་གིས་ཐེངས་གཅིག་ལ་འབྲས་སོག་རྒྱ་མ150ལྷག་འཁྱེར་ནས། ལས་ཀ་ལས་སར་སྐྱེལ་ཐུབ་པས། མི་ཤུགས་འབོར་ཆེན་གྲོན་ཆུང་བྱེད་ཐུབ་པར་མ་ཟད་ལས་ཀའི་ཕན་འབྲས་ཀྱང་ལྡབ་འགྱུར་གྱིས་གོང་དུ་འཕར།
ཡུས་ཐིན་ལུང་གིས་གསར་འགོད་པར་བཤད་རྒྱུར། ཀོས་ནན་རྫོང་གིས་མཐོ་སྒང་གྲང་འཁྱགས་ཀྱི་ནམ་ཟླའི་ཁྱད་ཆོས་ལ་རྐང་བཙུགས་ཏེ། བྲ་ཤིང་དང་ལྕང་ནག་སོགས་རང་ཡུལ་གྱི་སྡོང་རིགས་དམིགས་བསལ་དུ་བདམས་ནས་མཐོ་སྒང་ལ་འཚམ་པའི་སྡོང་འཛུགས་ལག་རྩལ་གསར་སྐྲུན་དང་ཁྱབ་གདལ་བཏང་བ་དང་། རྩྭ་ཡིས་རགས་བསྐོར་དང་། སྡོང་ཕྲན་འཛུགས་པ་དང་རྩྭ་འདེབས་པ་གཉིས་ཟུང་འབྲེལ། ཕྱུགས་བཀག་སྡོང་འཛུགས་ཀྱི་ལྟ་སྐྱོང་མཉམ་བྱེད་ཀྱི་ཚན་རིག་དང་མཐུན་པའི་བྱེ་བཅོས་བྱེད་སྟངས་ཤིག་འཚོལ་ཞིབ་བྱས།
ལོ་ངོ་སུམ་ཅུའི་ཁ་ཆར་བུ་ཡུག་བརྒྱུད་ནས་རི་ཆུ་གསར་པ་ཞིག་ཏུ་བསྒྱུར། ཀོས་ནན་རྫོང་གིས་རིམ་བསགས་ཀྱིས་མ་དངུལ་སྒོར་དུང་ཕྱུར17.5བཏང་སྟེ་བྱེ་འགྱུར་ས་ཞིང་མུའུ་ཁྲི221ཕྱོགས་བསྡུས་བཅོས་སྐྱོང་བྱས་ཤིང་། མུ་གེ་ཐང་གི་རགས་བསྐོར་བྱེ་འགོག་འགོག་སྲུང་རྒྱུད་ཕྱོགས་ཡོངས་ནས་ཁ་བསིམ། རྫོང་ཁོངས་ཀྱི་ནགས་ཚལ་ཁེབས་ཚད2.6%ནས19.2%བར་འཕར་བ་དང་། རྩྭ་ཐང་དུ་ཕྱོགས་བསྡུས་སྤང་ཤུན་ཁེབས་ཚད66.21%ལ་སླེབས་ཤིང་། ལྟེ་གནས་བཅོས་སྐྱོང་ཁུལ་གྱི་སྤང་ཤུན་ཁེབས་ཚད75%ལས་བརྒལ།
བྱེ་མ་གང་སར་འཁུར་བ་ནས་ལྗང་ཁུལ་གྱི་མུ་ཁྱུད་འཐེན་པའི་བར་དང་། “བྱེ་མས་ཚུར་རྒོལ་དང་མི་ཕྱི་སྣུར་བྱེད་པ”ནས“ལྗང་ཁུལ་ཇེ་ཆེ་དང་བྱེ་ཐང་ཇེ་ཆུང”དུ་འགྲོ་བའི་བར། ཀོས་ནན་རྫོང་གིས་སྐྱེ་ཁམས་བཅོས་སྐྱོང་དང་དམངས་འཚོ་འཕེལ་རྒྱས་ཀྱི་སྩོལ་ནུས་ཟུང་རྒྱུན་འཁྱོངས་བྱས་ཏེ། རིམ་བསགས་ཀྱིས་རོང་འབྲོག་མང་ཚོགས་ཁྲི1.8ཀྱི་སྣེ་ཁྲིད་དེ་ཉེ་སར་ལས་ཀར་ཞུགས་སུ་བཅུག་པ་དང་ཡོང་འཕར་ཕྱུག་བསྒྱུར་བྱས་ནས། བྱེ་བཅོས་དང་ལྗང་སྲུང་། དམངས་ཕྱུག་གི་འཁོར་རྒྱུག་བཟང་པོ་ཞིག་ཆགས་པ་དངོས་གནས་མངོན་འགྱུར་བྱས་ཤིང་། རྨ་ཆུའི་སྟོད་རྒྱུད་དུ་སྲ་ཞིང་བརྟན་པའི་མཐོ་སྒང་སྐྱེ་ཁམས་ཀྱི་ལྗང་མདོག་འགོག་རགས་ཤིག་བསྐྲུན། །