ཞིང་ཆེན་ནང་ཁུལ། 详情

མཚོ་སྔོན་ཞིང་ཆེན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དགུ་པ་དང་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་སྐབས་བདུན་པ་ཚོགས་མགོ་བརྩམས་པ།

ཟླ8པའི་ཚེས8ཉིན་གྱི་དགོང་མོར། མཚོ་སྔོན་ཞིང་ཆེན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དགུ་པ་དང་མཚོ་སྔོན་ཞིང་ཆེན་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་སྐབས་བདུན་པ་གཉིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ལུས་རྩལ་ལྟེ་གནས་སུ་ཚོགས་མགོ་བརྩམས། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས8ཉིན་གྱི་དགོང་མོར། མཚོ་སྔོན་ཞིང་ཆེན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དགུ་པ་དང་། མཚོ་སྔོན་ཞིང་ཆེན་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་སྐབས་བདུན་པ་གཉིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ལུས་རྩལ་ལྟེ་གནས་སུ་ཚོགས་མགོ་བརྩམས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་མགོ་བརྩམས་པ་ཁྱབ་བསྒྲགས་བྱས་ལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཤིས་ཚིག་ཕུལ།

ཀྲུང་གོ་ཨོ་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཀྲོའུ་ཅིན་ཆང་དང་། རྒྱལ་ཡོངས་སྲིད་གྲོས་མི་འབོར་ཐོན་ཁུངས་ཁོར་ཡུག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལུའུ་ཀོས་ཧྭ། ཞིང་ཆེན་གྱི་མགོ་ཁྲིད་དབྱང་ཧྥིན་ཁྲོན། དབྱང་ཀྲི་ཝུན། ཀྲང་ཞའོ་རུང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་པ། ཁ་གཏད་རོགས་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར་ལས་རྩལ་སྡེ་ཁག་གི་འཐུས་ཚབ་པ་བཅས་མཛད་སྒོར་ཞུགས། ཧྲིན་ཀྲང་གཞོན་པ་ཁྲིན་ཅི་ཝེ་ཡིས་མགོ་རྩོམ་མཛད་སྒོར་མགོ་འཛིན་བྱས།

ལུའོ་ཏུང་ཁྲོན་གྱིས་ཤིས་ཚིག་ཁྲོད་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ། ལུས་རྩལ་འགྲན་ཚོགས་མགོ་བརྩམས་པར་རྟེན་འབྲེལ་ཞུས་ཤིང་། ལུས་རྩལ་འགྲན་ཚོགས་ལ་ཞུགས་པའི་མགོ་ཁྲིད་དང་སྐུ་མགྲོན་དག་ལ་སྙིང་ཐག་པ་བཀའ་དྲིན་ཆེ་ཞུས་པ་དང་། འགྲན་ཞུགས་ལུས་རྩལ་པ་དང་རྩལ་ཁྲིད་པ། ཤན་འབྱེད་པ། འགྲན་སྡུར་བྱ་སྒྲུབ་མི་སྣ། རྒྱ་ཆེའི་དང་བླངས་པ་ཡོངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་བྱས་པ་དང་། དུས་ཡུན་རིང་པོར་མཚོ་སྔོན་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་གྲོགས་པོ་ལ་སེམས་གཏིང་ནས་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ལུས་རྩལ་གྱིས་མི་དམངས་ཀྱི་བདེ་ཐང་ཆུ་ཚད་མཐོར་འདེགས་དང་། མི་དམངས་མང་ཚོགས་ཀྱིས་བདེ་སྐྱིད་འཚོ་བར་བཅངས་པའི་རེ་བ་བསྐང་བ། མི་ཡི་ཁྱོན་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན། ཉེ་བའི་ལོ་འགའི་རིང་། ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལུས་རྩལ་ཐད་ཀྱི་རྣམ་བཤད་གལ་ཆེན་དང་། མཚོ་སྔོན་གྱི་བྱ་བར་བཏོན་པའི་རེ་བ་གལ་ཆེན་གཏིང་ཟབ་མོར་ལག་བསྟར་དོན་འཁྱོལ་བྱས་ལ། མྱུར་མགྱོགས་ཀྱིས་མཐོ་སྒང་ལུས་རྩལ་གྱི་ཞིང་ཆེན་སྟོབས་ཆེན་བསྐྲུན་པ་དང་། མང་ཚོགས་ལུས་རྩལ་དབྱར་མཚོ་བཞིན་རྒྱས་པ། འགྲན་སྡུར་དོ་ར་ནས་བསྟུད་མར་རྒྱལ་ཁ་ལེན་པ། དབང་པོ་སྐྱོན་ཅན་གྱི་ལུས་རྩལ་ཐོད་བརྒལ་འབྱུང་བ། ལུས་རྩལ་ཐོན་ལས་བབ་བསྟུན་ཆེར་བསྐྱོད་བྱེད་པ། འགྲན་སྡུར་དཔལ་འབྱོར་དང་། གངས་འཁྱག་དཔལ་འབྱོར་རྒྱུན་ཆད་མེད་པར་ཆེ་རུ་རྒྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གསོན་ཤུགས་བླ་མེད་བསྩལ་ཞིང་། མཐོ་སྒང་མི་དམངས་ཀྱི་སྙིང་སྟོབས་གཟི་མདངས་རབ་ཏུ་ངོམ་ཡོད།

ལུའོ་ཏུང་ཁྲོན་གྱིས་བཤད་རྒྱུར། སྐབས་འདིའི་ཞིང་ཆེན་ལུས་རྩལ་འགྲན་ཚོགས་དང་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་གཉིས་ཐེངས་དང་པོར་མཉམ་དུ་སྤེལ་བ་ཡིན་ལ། འཐུས་ཚབ་ཚོགས་པ37དང་། ལུས་རྩལ་པ6000ལྷག་འགྲན་སྟེགས་གཅིག་ཏུ་འཛོམས་ནས་འགྲན་སྡུར་བྱེད་པ་ནི། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”མགོ་རྩོམ་པའི་ལོ་རུ་རང་ཞིང་ཆེན་གྱི་གཞི་ཁྱོན་ཆེས་མཐོ་ལ། གཞི་རྒྱ་ཆེས་ཆེ་བ། ཁྱབ་ཁོངས་ཆེས་ཡངས་པའི་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་དགྱེས་འཛོམས་ཤིག་ཡིན། རེ་བ་ནི་འགྲན་ཞུགས་ལུས་རྩལ་པ་ཡོངས་ཀྱིས་ཀྲུང་ཧྭའི་ལུས་རྩལ་སྙིང་སྟོབས་དང་ཨོ་ལིན་ཕིས་ཁི་སྙིང་སྟོབས་རྒྱ་ཆེར་གཟེངས་སྒྲོག་བྱས་ནས། ལུས་རྩལ་གྱི་ཀུན་སྤྱོད་བཟང་པོ་བརྩི་སྲུང་བྱས་ཏེ། འབད་པས་རྟིང་མ་རྩོད་ཅིང་། སྤོབས་པས་རྩེ་མོར་སྙེགས་བཞིན། མཐོ་སྒང་གི་ཆུ་ཚད་དང་། མཚོ་སྔོན་གྱི་རང་མདངས། མི་རིགས་མཐུན་སྒྲིལ་གྱི་སྣང་བརྙན་གསར་པ་འགྲན་སྡུར་ལས་མངོན་པར་བྱས་ནས། སྐབས་འདིའི་ལུས་རྩལ་འགྲན་ཚོགས་ལ་རྣམ་པར་བཀྲ་བའི་གཟི་དཔལ་དཀྲི་དགོས། ཤན་འབྱེད་པ་ཚང་མས་བདེན་དྲང་ཤན་འབྱེད་དང་། བྱ་སྒྲུབ་མི་སྣ་ཡོངས་ཀྱིས་རང་འགན་རང་ལེན་བྱས་ནས། ཟོལ་མེད་ཀྱིས་ཞབས་ཞུའི་འགན་སྲུང་ལེགས་པར་བསྒྲུབ་སྟེ། སྟོབས་ཤུགས་ཡོད་ཚད་སྒོས་སྐབས་འདིའི་འགྲན་ཚོགས་འདི་སྟབས་བདེ་དང་། བདེ་འཇགས། གསར་གཏོད། མཉམ་སྤྱོད། མཚར་སྡུག ། ཡལ་མེད་ཀྱི་ལུས་རྩལ་དགྱེས་འཛོམས་ཤིག་ཏུ་བསྒྲུབ་དགོས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཐེངས་འདིའི་ལུས་རྩལ་འགྲན་ཚོགས་འདི་གོ་སྐབས་སུ་བཟུང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཟབ་མོ་ཡིད་ལ་དམ་པོར་བཅངས་ཏེ། ལས་སྒྲུབ་ལས་བཏོད་ཀྱི་སྙིང་སྟོབས་རབ་ཏུ་བསླངས་ནས། ཐོག་མཐའ་བར་གསུམ་དུ་དྲིན་ཚོར་བ་དང་། བརྩེ་བ་ལྡན་པ། དངོས་གཉེར་ལ་བརྩོན་པ། ཟམ་མི་ཆད་པར་ལུས་རྩལ་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གསར་གཏོད་ཟབ་སྤེལ་བྱེད་པ་དང་། དམངས་ཡོངས་ཀྱི་བདེ་ཐང་ཞབས་ཞུའི་དྲ་རྒྱ་འཐུས་ཚང་དང་ཡོངས་སུ་ཁེབས་པར་བྱས་ནས། འགྲན་སྡུར་ལུས་རྩལ་གྱི་ཕྱོགས་བསྡུས་སྟོབས་ཤུགས་མཐོར་འདེགས་བཏང་སྟེ། ཤུགས་ཆེན་པོས་མི་རིགས་སྲོལ་རྒྱུན་ལུས་རྩལ་དང་། གངས་འཁྱག་ཁྱད་ལྡན་ལུས་རྩལ་གོང་སྤེལ་བྱས་ནས། དབང་པོ་སྐྱོན་ཅན་གྱི་ལུས་རྩལ་ཞབས་ཞུའི་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་དགོས་ལ། ཞིང་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་ལས། ཁམས་གསོ་བཅས་མཉམ་འདྲེས་འཕེལ་རྒྱས་འབྱུང་བར་ཟབ་སྤེལ་བྱས་ཏེ། མཚམས་མི་ཆད་པར་མཐོ་སྒང་ལུས་རྩལ་གྱི་ཞིང་ཆེན་སྟོབས་ཆེན་བསྐྲུན་པའི་རྣམ་པ་གསར་བ་གསར་གཏོད་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་སྟོབས་ཀྱིས་འབྲི་བར་བྱས་རྗེས་གསར་བ་འཇོག་དགོས།

མགོ་རྩོམ་མཛད་སྒོའི་སྟེང་རིག་གནས་ལུས་རྩལ་གྱི《རི་ཆུ་མཉམ་མཛེས། སྐྱེ་འཕེལ་འཛད་མེད》ཅེས་པ་འགྲེམ་སྟོན་བྱས་ཤིང་། དེ་ལ་སྲོག་ཆགས་ཀྱི་འབོད་པ་དང་། སྐྱེ་ཁམས་ཀྱི་ཚུར་སྣང་། ཚེ་སྲོག་གི་མཆོད་བསྟོད་བཅས་ལེའུ་གསུམ་ཡོད་ཅིང་། སྣེ་མང་གར་སྟེགས་ཀྱི་ཁྱད་ནུས་བརྒྱུད་ནས་གསོན་ཉམས་ལྡན་པའི་ངང་མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱས་པའི་གཡུར་ཟའི་འབྲས་བུ་དང་གཟི་མདངས་གསར་བ་མངོན་པར་བྱས། དེའི་རྗེས་སུ། དཔལ་འབར་འཛིན་པ་གསུམ་གྱིས་བརྒྱུད་སྤྲོད་བྱས་ནས་ལུས་རྩལ་འགྲན་ཚོགས་ཀྱི་བླ་མེ་སྦར། མགོ་རྩོམ་མཛད་སྒོ་ནི《མེས་རྒྱལ་གླུ་ཡིས་བསྟོད》ཅེས་པའི་མཉམ་ལེན་དང་ཚོགས་ར་ཡོངས་ཀྱི་ལྟད་མོ་བའི་སྤྲོ་སེམས་རབ་ཏུ་ཁོལ་བའི་དགའ་བསུའི་ཁྲོད་བདེ་བླག་ངང་མཇུག་སྒྲིལ་བ་རེད། །

热门新闻

热门图库

热门排行