གནས་ཚུལ། 详情

ཀོས་ནན་རྫོང་གི་སྐབས་བཅུ་གཉིས་པའི་ནོར་གནག་དང་གཙག་དྲུབ། གླུ་གར་ཞེས་པའི་རོལ་དབྱངས་ཆེད་ཚོགས་བསྡུས།

ཉེ་ཆར། སྐབས་བཅུ་གཉིས་པའི་ནོར་གནག་དང་གཙག་དྲུབ། གླུ་གར་ཞེས་པའི་རོལ་དབྱངས་ཆེད་ཚོགས་ཀོས་ནན་རྫོང་ཐར་ཤུལ་སྡེ་བའི་རྟ་རྒྱུག་ར་བར་བསྡུས་ཤིང་། ཡིད་དབང་འཕྲོག་པའི་གླུ་གར་གྱི་དགྱེས་སྟོན་ཆེན་མོ་དེས་མི་རིགས་སོ་སོའི་མང་ཚོགས་ཀྱི་བསམ་བློའི་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་།

ཐེངས་འདིའི་རོལ་དབྱངས་ཆེད་ཚོགས་སྟེང་ཞིང་ཆེན་ཕྱི་ནང་གི་ཕུལ་བྱུང་རིག་རྩལ་སྣ་མང་ཕྱོགས་གཅིག་ཏུ་འདུས་ཡོད་ལ། མིང་གྲགས་ཆེ་བའི་གཞས་པ་དང་གཞས་མ། དེ་མིན་རིག་རྩལ་འཁྲབ་སྟོན་པ་ཡོངས་ཀྱིས་ངོ་མཚར་བའི་ལྟད་མོ་གྱ་ནོམ་པ་ཞིག་གཅིག་རྗེས་གཉིས་མཐུད་སྒོས་ཀུན་གྱི་མིག་སྔར་བཤམས་ཤིང་། ཁོ་ཚོའི་བརྩེ་བ་དང་ཉམས་འགྱུར་གྱིས་ཁེངས་པའི་ངོ་གདོང་དང་། ལུས་ཀྱི་ལྡེམ་མྱུར་དང་གར་གྱི་སྟངས་སྟབས་སོགས་ལས་འཁྲབ་སྟོན་པ་ཞིག་གི་ལང་ཚོའི་ཟིལ་ཤུགས་ངོམས་ཡོད། འཁྲབ་ཚན་དེ་དག་གི་བརྗོད་དོན་འཚོ་བ་དང་མང་ཚོགས་ལ་འདྲེས་ཡོད་པར་མ་ཟད། བོད་ཀྱི་ཡུལ་སྲོལ་གོམས་གཤིས་ཀྱི་རྣམ་པས་ཁེངས་ཡོད་ལ། དུས་རབས་གསར་པའི་ལང་ཚོའི་ཟིལ་ཤུགས་ཀྱང་ལྡན་པས། ཀོས་ནན་གྱི་མི་རིགས་སོ་སོའི་མང་ཚོགས་ཀྱི་བདེ་སྡོད་ལས་བརྩོན་དང་བདེ་སྐྱིད་འཆམ་མཐུན་གྱི་འཚོ་བའི་རྣམ་པ་ཞིག་ཕྱོགས་ཡོངས་ནས་མངོན་ཡོད།

རོལ་དབྱངས་ཆེད་ཚོགས་ཀྱི་ནང་དོན་ཕུན་སུམ་ཚོགས་ལ་རྣམ་པ་སྣ་མང་ཡིན་པ། དབྱངས་རྟའི་འགྱུར་ཁུགས་སྙན་ལ་ཡིད་དབང་འཕྲོག་ཤུགས་ཆེ་བ། འཁྲབ་སྟོན་པ་ཚོས་གླུ་སྐད་ལ་བརྟེན་ནས་ཕ་ཡུལ་ལ་བསྔགས་བརྗོད་དང་ཞབས་བྲོར་བརྟེན་ནས་རྩྭ་ཐང་ལ་སྨོན་འདུན་ཞུས་ཏེ། མི་རིགས་མཐུན་སྒྲིལ་དང་ཁྱིམ་མཚེས་འཆམ་མཐུན། དྲིན་ཤེས་ཡར་བརྩོན་བཅས་ཀྱི་དུས་རབས་གསར་པའི་རྣམ་པ་བཟང་བོ་མངོན་པར་མ་ཟད། མཛེས་པའི་ཁྱིམ་གཞིས་དང་བདེ་སྐྱིད་འཚོ་བ་མཉམ་སྐྲུན་བྱེད་ཅེས་པ་བརྗོད་དོན་གཙོ་བོར་བཟུང་སྟེ། ཡུལ་དངོས་ཀྱི་མི་རིགས་སོ་སོའི་ལྟད་མོ་བ་ཡོངས་ལ་རིག་གནས་ཀྱི་དགྱེས་སྟོན་ཆེན་མོ་ཞིག་བཤམས་པ་རེད།

ལྟད་མོ་བ་ཤེས་རབ་མཚོ་ཡིས་བཤད་རྒྱུར། དེ་རིང་གི་རོལ་དབྱངས་ཆེད་ཚོགས་སྟེང་གི་གླུ་གར་གྱིས་ཡིད་དབང་འཕྲོག་པར་བྱེད་ལ། རང་ཁྱིམ་སྒོ་ཁར་འདི་ལྟ་བུའི་ལྟད་མོ་ཞིག་ལ་ལྟ་ཐུབ་པར་དགའ་སྤྲོ་ཚད་མེད་སྐྱེས་ཡོད། རྗེས་ཕྱོགས་འདི་ལྟ་བུའི་བྱ་འགུལ་མང་པོ་ཞིག་སྤེལ་བར་རེ་བ་ཆེན་པོ་བཅངས་ཡོད་ཟེར།

ཐེངས་འདིའི་གླུ་གར་རོལ་དབྱངས་ཆེད་ཚོགས་དེ་ནི་ས་གནས་ཀྱི་མི་རིགས་རིག་གནས་ཐོན་ཁུངས་རྨང་གཞིར་བྱས་པ་ཞིག་ཡིན་ཞིང་། མང་ཚོགས་ཀྱིས་དགའ་བསུ་ཐོབ་པའི་རིག་རྩལ་སྤྲོ་ཚོགས་ཤིག་ཀྱང་ཡིན། དེས་མི་རིགས་སྲོལ་རྒྱུན་རིག་གནས་སྔར་ལས་རྒྱུན་འཛིན་དང་དར་སྤེལ། གཞི་རིམ་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། རིགས་སོ་སོའི་མི་དམངས་མཐུན་སྒྲིལ་ཡར་ཐོན་ཡོང་བའི་སེམས་ཤུགས་གཅིག་ཏུ་བསྒྲིལ་པར་བྱས་ཏེ།  ཀོས་ནན་རྫོང་གི་རིག་གནས་དང་ཡུལ་སྐོར་གཞི་གཅིག་ཅན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་གསར་པ་བསྣན་ཡོད།

热门新闻

热门图库

热门排行