སྒྲོན་བརྙན། 详情

དབྱི་ཐ་ལིའི་དཔལ་འབྱོར་ཚོང་དོན་འཐུས་ཚབ་ཚོགས་པ་རང་ཁུལ་ལ་རྟོག་ཞིབ་དུ་ཕེབས་པ།

e5952242f2575f7d7fb648f3fcd68bfb.jpg

ཟླ8པའི་ཚེས3ཉིན་ནས་ཚེས4ཉིན་བར། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་གདན་ཞུས་ལྟར། དབྱི་ཐ་ལིའི་དཔལ་འབྱོར་ཚོང་དོན་འཐུས་ཚབ་ཚོགས་པ་རང་ཁུལ་ལ་རྟོག་ཞིབ་གནང་བར་ཕེབས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་སྲིད་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ཚབ་མ་དོན་གྲུབ་དགའ་བསུའི་མཛད་སྒོར་ཞུགས་པ་དང་། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་བསོད་ནམས་བདེ་སྐྱིད་ཀྱིས་སྐུ་མགྲོན་རྣམ་པར་ཕེབས་རོགས་གནང་བ་རེད། འཐུས་ཚབ་ཚོགས་པའི་ཁོངས་མི་རོ་མ་གྲོང་ཁྱེར་བཟོ་ཚོང་ལས་རིགས་མཐུན་ཚོགས་དང་སློབ་གྲྭ་ཆེན་མོའི་ཚན་རིག་ཞིབ་འཇུག་ཁང་དང་དབྱི་ཀྲུང་རིག་གནས་སྤེལ་རེས་མཐུན་ཚོགས་ཀྱི་ཕྱི་སྡོད་རང་མིའི་འཐུས་མིའང་ཡོད། རྟོག་ཞིབ་སྐབས་སུ། འཐུས་ཚབ་ཚོགས་པས་མཚོ་སྔོན་པོ་དང་དང་རྨ་ཆུའི་འགྲམ་རྒྱུད། རང་བྱུང་སྲུང་སྐྱོང་ཁུལ་དང་ཐོན་ལས་གླིང་། ཚོང་གཉེར་ཁུལ་གཙོ་བོ་བཅས་སུ་སོང་སྟེ།རང་ཁུལ་གྱི་ཕུན་སུམ་ཚོགས་པའི་ཐོན་ཁུངས་དང་ཐོན་ལས་བཀོད་སྒྲིག ལྗང་མདོག་འཕེལ་རྒྱས་བཅས་ཀྱི་ལག་ལེན་དངོས་ལ་རྒྱུས་ལོན་བྱས།

97dbe0d1f05bd42e2410c46842f16141.jpg

མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་འཐུས་ཚབ་ཚོགས་པས་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོང་དང་མཚོ་སྐོར་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་པའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཤིང་། གུང་ཧོ་རྫོང་འོད་ནུས་གློག་འདོན་གླིང་ཁུལ་དུ་འཐུས་ཚབ་ཚོགས་པས་ཁུལ་ཡོངས་ཀྱི་ནུས་ཁུངས་གཙང་མའི་འཕེལ་རྒྱས་ཀྱི་གནས་ཚུལ་དང་འོད་ནུས་ཐོན་ལས་ཀྱི་སྒྲིག་བཀོད་ལ་རྟོག་ཞིབ་བྱས་ནས། ལྗང་མདོག་ནུས་ཁུངས་གསར་སྤེལ་དང་ནུས་ཁུངས་གསར་པའི་ཐོན་ལས་ཀྱི་སྲིད་ཇུས་སོགས་གཞིར་བཟུང་ནས་ཀྲུང་གོའི་ཕྱོགས་ཀྱི་མི་སྣ་དང་བསམ་བློ་བརྗེ་རེས་བྱས། ལུང་དབྱང་ཀྲི་ཞན་མཚོ་སྔོན་མ་རྐང་ཚད་ཡོད་ཀུང་ཟིའི་འཁྱག་ཆུའི་ཉ་རིགས་གསོ་སྤེལ་རྟེན་གཞི་དང་མཚོ་ལྷོ་ཁུལ་ཞིང་ཕྱུགས་ལས་འཕེལ་རྒྱས་མ་གཏོང་ཚད་ཡོད་ཀུང་ཟིའི་འགྲེམ་སྟོན་ཚོམས་ཆེན་དུ་འཐུས་ཚབ་ཚོགས་པས་མཐོ་སྒང་གི་འཁྱག་ཆུའི་ཉ་རིགས་གསོ་སྤེལ་དང་མཐོ་སྒང་གི་ཞིང་ཕྱུགས་ཐོན་ལས་ཀྱི་འཕེལ་རྒྱས་གནས་ཚུལ་ལ་རྟོག་ཞིབ་བྱས། ཁྲི་ཀ་རྫོང་དུ་འཐུས་ཚབ་ཚོགས་པས་སྔ་རྗེས་སུ་མཚོ་བོད་སྤུས་ལེགས་སྦྲང་རྩིའི་ཐོན་སྐྱེད་རྟེན་གཞི་དང་མཚོ་སྔོན་མཚོ་བོད་ཚོ་བའི་ཞིང་ཕྱུགས་གསར་སྤེལ་ཚད་ཡོད་ཀུང་ཟི་རུ་སྦྲང་རྩིའི་ཐོན་ལས་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ལས་སྣོན་བྱ་བར་རྟོག་ཞིབ་བྱས་པ་དང་། ཁྲི་ཀའི་རྨ་ཆུའི་འགྲམ་ངོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་། རིག་གནས་ཡུལ་སྐོར་མཉམ་འདྲེས་བྱས་པའི་གྲུབ་འབྲས་ལ་ལྟ་ཞིབ་བྱས་ཤིང་། རྨ་ཆུའི་གཞོང་སའི་སྐྱེ་ཁམས་བཅོས་སྐྱོང་གྲུབ་འབྲས་ལ་རྒྱུས་ལོན་བྱས། རྟོག་ཞིབ་ཁྲོད་འཐུས་ཚབ་ཚོགས་པས་མཚོ་ལྷོ་ཁུལ་གྱི་སྐྱེ་ཁམས་གཙོར་འཛིན་པ་དང་རྒྱུན་འཁྱོངས་དང་ཐོན་ཁུངས་ཕུན་སུམ་ཚོགས་པར་གཞི་བཙུགས་ཤིང་། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་བཅས་ཀྱི་ལག་ལེན་ལ་གདེང་འཇོག་ཚད་མེད་གནང་། ལའེ་ཨང་ཆི་ཉི་སོགས་ཀྱིས་དབྱི་ཐ་ལིའི་དེབ་རབས་ཞིང་ལས་དང་ཇུས་འགོད་ཞབས་ཞུ། རིག་གནས་ཡུལ་སྐོར་ཐོན་རྫས། མཐོ་རིམ་ཚན་རིག་ཞིབ་འཇུག་སོགས་ཀྱི་ཁྱབ་ཁོངས་སུ་ཐོན་ལས་ཀྱི་དགེ་མཚན་ཆེན་པོ་ལྡན་ཞིང་། མཚོ་ལྷོ་ཁུལ་ལ་སྐྱེ་ཁམས་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་ནུས་ཁུངས་གཙང་མར་བག་ཤུགས་ཆེ་བ། སྐྱེ་ལྡན་ཞིང་ཕྱུགས་ཀྱི་རྨང་གཞི་བརྟན་པོ་བཅས་ཡོད་པས་ཕྱོགས་གཉི་ཀའི་ཕན་ཚུན་གསབ་རེས་ཀྱི་ནུས་པ་བཟང་ལ་མཉམ་ལས་ཀྱི་མདུན་ལྗོངས་ཡངས་པ་དང་། ཐེངས་འདིའི་འཚམས་འདྲི་གོ་སྐབས་སུ་བཟུང་ནས། མུ་མཐུད་དུ་མཉམ་འབྲེལ་བྱས་ཏེ། ཆ་འཕྲིན་དང་ཐོན་ཁུངས་མཉམ་སྤྱོད་བྱེད་པར་སྐུལ་འདེད་བཏང་ནས། མཉམ་ལས་ཀྱི་ཐབས་ལམ་བཟང་བོ་ཞིག་འཚོལ་ཞིབ་བྱ་འདོད་ཡོད་ཅེས་བཤད་པ་རེད།

热门新闻

热门图库

热门排行