ཝུའུ་ཞའོ་ཅུན་གྱིས་མཚོ་ལྷོ་ཁུལ་དུ་རྟོག་ཞིབ་བྱས་པ།
ཟླ8པའི་ཚེས4ཉིན་ནས་ཚེས5ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་རྟོག་ཞིབ་བྱས་ཏེ་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་བཏོན་པའི་བླང་བྱ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ནས། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བློ་བརྟན་འགྱུར་མེད་ངང་བསྐྱོད་དེ། སྐྱེ་ཁམས་སྲུང་སྐྱོབ་དང་གཙོ་གནད་རྣམ་གྲངས། རིག་གནས་ཡུལ་སྐོར་མཉམ་འདྲེས། མང་ཚོགས་དང་འབྲེལ་བའི་རུལ་སུངས་བཅོས་སྒྲིག གནོད་ཤུལ་བསྐྱར་སྐྲུན་སོགས་ཀྱི་ལས་དོན་ལ་གཅིག་གྱུར་འཆར་འགོད་དང་དམ་འཛིན་ཡག་པོ་བྱས་ཏེ། ས་ཁོངས་ཀྱི་ཁྱད་སྟོབས་ལྡན་པའི་ཐོན་ལས་རྒྱུན་མཐུད་ངང་སྟོབས་ཆེར་གཏོང་བ་དང་། བྱེད་ཐབས་སྣ་ཚོགས་མཉམ་དུ་སྤྱད་དེ། མི་རིགས་སོ་སོའི་མང་ཚོགས་ཚང་མའི་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་གྱི་རེ་བ་མངོན་འགྱུར་བྱེད་དགོས།
ཝུའུ་ཞའོ་ཅུན་བ་རིང་ཆུ་འདྲེན་ནུས་གསོག་གློག་འདོན་ས་ཚིགས་དང་ཝན་ཅེ་ཅིན་ཧྥུང་མཚོ་སྔོན་རིག་རྩིས་ལྟེ་གནས། གུང་ཧོ་གནམ་གྲུ་ཐང་རྣམ་གྲངས་སྤེལ་ས་བཅས་སུ་སོང་ནས། ཡུལ་དངོས་ནས་འཛུགས་སྐྲུན་གྱི་འཕེལ་རིམ་ལ་ལྟ་ཞིབ་དང་བདག་རྐྱེན་འགན་ལེན་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས་ནས་ནན་གྱིས་བསྟན་དོན། རྣམ་གྲངས་གལ་ཆེན་ལས་བྱུང་བའི་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་ནན་མོ་བྱས་ཏེ། བདེ་འཇགས་དང་སྤུས་ཚད་ལ་འགན་ལེན་ཡོད་པའི་སྔོན་འགྲོའི་ཆ་རྐྱེན་འོག འཛུགས་སྐྲུན་གྱི་མྱུར་ཚད་ཇེ་མགྱོགས་སུ་བཏང་ནས། རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ཐོན་ལས་མཐོ་ས་དང་རྒྱལ་ཁབ་ཀྱི་ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་དཔེ་སྟོན་ཁུལ་གྱི་མཚོན་རྟགས་རང་བཞིན་གྱི་བཟོ་སྐྲུན་འབད་པས་བསྐྲུན་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་རྒྱུན་ཆད་མེད་པར་སྐུལ་སློང་བྱེད་དགོས།
ཝུའུ་ཞའོ་ཅུན་ཚ་རྔ་འགག་ཉེ་འཁོར་གྱི་མཛེས་ལྗོངས་ཁུལ་དང་སྡེ་བ་དང་གྲོང་རྡལ་དུ་སོང་ནས། ས་གནས་དེ་གའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་ལྟ་ཞིབ་དང་རྒྱུས་ལོན་བྱས་ནས་བསྟན་དོན། “རྨ་ཆུ་དྭངས་མོའི”ཡུལ་སྐོར་རྒྱུད་དང་མཉམ་འདྲེས་བྱ་རྒྱུ་དེ་འཕེལ་རྒྱས་ཀྱི་གོ་སྐབས་སུ་བྱས་ནས། གྲོག་རོང་དང་མཚེའུ། ས་ཞིང་། ནགས་ཚལ་སོགས་ཐུན་མོང་མ་ཡིན་པའི་ས་དབྱིབས་ནས་རྐང་ཚུགས་པར་བྱས་ཏེ། བཟོ་ལས་ཡུལ་སྐོར་དང་ལུས་རྩལ་སྤྲོ་གསེང་། ཉ་རིགས་གསོ་སྤེལ་ཉ་འཛིན་སོགས་ཁྱད་ལྡན་རྣམ་གྲངས་དང་ཟུང་འབྲེལ་བྱས་ནས། རྩེ་རིམ་ཇུས་འགོད་ཡག་པོ་བྱེད་པ་དང་ཐོན་ལས་བཀོད་སྒྲིག་ལུགས་མཐུན་བྱས་ནས། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མང་ཚོགས་ཀྱི་སྣེ་ཁྲིད་དེ་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་དང་། གྲོང་གསེབ་ཀྱི་བེད་མེད་དུ་བསྐྱུར་བའི་ཐོན་ཁུངས་ཡང་བསྐྱར་བེད་སྤྱོད་པ། རང་ཡུལ་གྱི་ཁྱད་ཆོས་ལྡན་པའི་རིག་གནས་ཡུལ་སྐོར་གྱི་དགེ་མཚན་སྔོག་འདོན་ནན་མོ་བཅས་བྱས་ནས། མང་ཚོགས་ཀྱི་ཡོང་འབབ་བརྟན་པོའི་ངང་འཕར་བའི་ཐབས་ལམ་རྒྱ་སྐྱེད་གཏོང་བ། འཚོ་སྡོད་དང་ལས་རིགས་ལ་འཚམ་པ་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བཅས་བྱེད་དགོས།
ཝུའུ་ཞའོ་ཅུན་གྱིས་ཞིན་ཧེ་རྫོང་དང་གུང་ཧོ་རྫོང་དུ། མང་ཚོགས་ཀྱི་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་བྱས་པའི་ཕན་འབྲས་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་འབྲེལ་ཏེ། ངོ་ཐུག་གདོང་འཕྲད་ཀྱི་རྣམ་པས་མང་ཚོགས་ཀྱི་བསམ་འཆར་ལ་ཉན་ནས་ནན་གྱིས་བསྟན་དོན། ད་ལོ་ནི་ལོ་གསུམ་གཅིག་སྡུད་བཅོས་སྒྲིག་གི་མཁྲེགས་གཏོར་ཐག་གཅོད་ཀྱི་ལོ་ཡིན་པས། གནད་དོན་གཅིག་སྡུད་དང་མང་ཚོགས་ཀྱི་བསམ་འཆར་ཆེ་བའི་ཁྱབ་ཁོངས་ལ་གཅིག་སྡུད་མཁྲེས་གཏོར་བྱ་རྒྱུར་དོ་སྣང་ཆེན་པོ་བྱས་ནས། ཡིག་སྐུར་ངོ་གཏུག་གི་མངོན་གསལ་དོད་པའི་གནད་དོན་སེལ་བ་དང་། གྲོང་གསེབ་དང་འབྲོག་ཁུལ་གྱི་ཆུ་མཁོ་འདོན་ལ་འགན་སྲུང་བྱེད་པ། དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱིར་གནད་འཁེལ་རོགས་སྐྱོར་བྱེད་པ་སོགས་ཀྱི་ཞིབ་ཕྲའི་ལས་དོན་དམ་འཛིན་ཡག་པོ་བྱས་ཏེ། མི་དམངས་མང་ཚོགས་ལ་དྲང་གཞག་དྲང་བདེན་ནི་ཉེ་འགྲམ་དུ་ཡོད་པ་ཚོར་ཐུབ་པར་བྱེད་དགོས། ཧྲག་དམག་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་འགན་འཁྲི་སྒྲུབ་པའི་ནུས་པ་ཆེ་རུ་གཏོང་བ། འཐབ་རྩོད་བྱེད་མཁས་པ་དང་བྱེད་ཕོད་པ་བཅས་བྱས་ཏེ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་དོན་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན། དངོས་གཞི་ཅན་དུ་འགྱུར་བའི་ཆུ་ཚད་ཇེ་མཐོར་གཏོང་དགོས། ཞིན་ཧེ་རྫོང་དཔལ་ཁ་གྲོང་རྡལ་ཏུའུ་ཐེ་སྡེ་བ་རུ། ཝུའུ་ཞའོ་ཅུན་གྱིས་ཡུལ་དངོས་སུ་ནགས་སྐྲུན་ལྗང་སྒྱུར་གནས་ཚུལ་ལ་ཞིབ་ལྟ་བྱས་ནས་ནན་གྱིས་བསྟན་དོན། “བྱང་གསུམ”འགོག་སྲུང་ནགས་ཚལ་གྱི་བཟོ་སྐྲུན་འཛུགས་སྐྲུན་ལ་ཚན་རིག་དང་མཐུན་པར་སྐུལ་འདེད་གཏོང་བ་དང་། རྣམ་གྲངས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། དོ་དམ་སྲུང་སྐྱོབ་ཀྱི་འགན་འཁྲི་སྔར་ལས་ཇེ་དམ་དུ་གཏོང་བ། དོ་དམ་སྲུང་སྐྱོབ་ཀྱི་མ་དངུལ་དོན་འཁྱོལ་བཅས་བྱས་ནས། སྡོང་བོ་གཅིག་བཙུགས་ན་གསོན་དུ་འཇུག་པ་དང་ས་ཁུལ་གཅིག་ལྗང་སྒྱུར་བྱས་ན་ལྗང་མདོག་གི་ཞིང་ཁམས་སུ་འགྱུར་བར་བྱེད་དགོས།
ཝུའུ་ཞའོ་ཅུན་གྱིས་ད་དུང་ཆེད་དུ་ཞིན་ཧེ་རྫོང་གི་ས་ཡོམ་གནོད་འཚེ་ཕོག་པའི་མང་ཚོགས་ལ་འཚམས་འདྲི་བྱས་པ་དང་། འགལ་རྐྱེན་གྲལ་བཤེར་དང་ཁང་པར་གནོད་འཚེ་ཕོག་པའི་གནས་ཚུལ་ལ་ལྟ་ཞིབ་བྱས་པར་མ་ཟད། བྱ་བའི་སྙན་ཞུར་ཉན། ཝུའུ་ཞའོ་ཅུན་གྱིས་ཡོམ་འགོག་རྒུད་སྐྱོབ་ལས་དོན་གྱི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་ནས་ནན་གྱིས་བསྟན་དོན། ཡོམ་འཕྲོའི་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡ་གཏོང་བ་དང་ཆུ་ལོག་སྔོན་འགོག་ལས་དོན་བཅས་ལ་གཅིག་གྱུར་འཆར་འགོད་ཡག་པོ་བྱེད་དགོས་པ་དང་། ས་གཤིས་གནོད་འཚེའི་ཉེན་ཁ་དང་འགལ་རྐྱེན་སྣ་ཚོགས་ལ་ཁྱོན་ཡོངས་ནས་གྲལ་བཤེར་བཅོས་སྒྲིག་བྱེད་པ། “འབོད་སྐུལ་དང་ལེན་དང་ཁ་གཏད་གཅོག་པའི”རྐྱེན་སྲོལ་དོན་འཁྱོལ་ནན་མོ་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་གང་ལེགས་བྱེད་དགོས། དངོས་ཐོག་བདེན་འཚོལ་དང་གནད་འཁེལ་ནུས་ལྡན་གྱིས་ས་ཡོམ་རྗེས་ཀྱི་བསྐྱར་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། བཟོ་སྐྲུན་འཛུགས་སྐྲུན་གྱི་སྤུས་ཚད་འགག་སྒོར་དམ་འཛིན་ནན་མོ་བྱེད་པ། རྨང་གཞིའི་སྒྲིག་བཀོད་ཉམས་གསོ་དང་དམངས་འཚོ་འགན་སྲུང་དོན་འཁྱོལ་ཡོང་བར་གཅིག་གྱུར་འཆར་འགོད་བཅས་བྱས་ཏེ། གནོད་འཚེ་ལས་རྣམ་པར་རྒྱལ་བ་དང་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས།
ཞིང་ཆེན་གྱི་འགོ་ཁྲིད་ཀྲང་ཅིན་ཀང་རྟོག་ཞིབ་ཁྲོད་ཞུགས།