གནས་ཚུལ། 详情

ཀོས་ནན་རྫོང་གིས་ལོ་ངོ་སུམ་ཅུའི་བྱེ་འགོག་བྱེ་བཅོས་ཐད་གཡུར་ཟའི་གྲུབ་འབྲས་བླངས།

ཟླ་བརྒྱད་པར་ཀོས་ནན་རྫོང་མུ་གེ་ཐང་གི་བྱེ་ཁུལ་དུ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་ཞིག་མངོན་ཡོད་པ་དང་། སྔོན་ཆད་གང་སར་ཁེངས་བའི་བྱེ་སྒང་དེ་དག་ད་ལྟ་ལྕང་མ་དང་ཀྱལ་རྟ་སོགས་རང་ས་གནས་ཀྱི་རྩི་ཤིང་གིས་བརྟན་པོར་བཀག་སྟེ། རིང་ཚད་ལ་སྤྱི་ལེ185ཡོད་པའི་བྱེ་འགོག་ས་ཁུལ་དུ་ནགས་ར་བསྐོར་ནས། ལྗང་མདོག་གི་ལྕགས་རི་རིང་པོ་ཞིག་རྨ་ཆུའི་སྟོད་རྒྱུད་དུ་བཞེངས་པ་དང་ཀུན་ནས་མཚུངས་བས། ཀོས་ནན་རྫོང་གི་ལོ་ངོ་སུམ་ཅུའི་བྱེ་འགོག་བྱེ་བཅོས་ཀྱི་གཡུར་ཟའི་གྲུབ་འབྲས་གང་ལེགས་ཀྱིས་མངོན་ཡོད།

མུ་གེ་ཐང་གི་ས་བབ་མཐོ་ཚད་ལ་སྨི3100ཡོད་པ་དང་། གྲང་ངར་ཆེ་ཞིང་ཐན་པ་ཆེ་བ། སྐྱེ་ཁམས་ཞན་པས་རྫོང་ཡོངས་ཀྱི་བྱེ་འགྱུར་ས་ཁུལ་མུའུ་ཁྲི342ལས་མུའུ་ཁྲི142ཀྱི་བྱེ་ཐང་དེ་རུ་ཡོད། དུས་རབས20པའི་ལོ་རབས90པར་བྱེ་སྒང་གིས་ལོ་རེར་སྨི5ནས15བར་གྱི་བགྲོས་ཚད་ཀྱིས་རྩྭ་ས་དང་ཞིང་སར་གཏོར་བརླག་བཟོས་ཏེ། མང་ཚོགས་ཁྲི་ལྔ་ལྷག་ལ་བྱེ་མའི་གནོད་པ་ཐེབས་ཤིང་། 1996ལོར་ཀོས་ནན་རྫོང་གིས་བྱེ་འགོག་བྱེ་བཅོས་བྱ་བ་དངོས་སུ་སྤེལ་ཏེ་ཡུན་རིང་ལྗང་སྒྱུར་གྱི་ལས་དོན་ཞིག་གཉེར་མགོ་བརྩམས་པ་རེད། ལོ་ངོ་སུམ་ཅུའི་རིང་ལ། ཀོས་ནན་རྫོང་གིས་བྱང་གསུམ་བཟོ་སྐྲུན་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་བྱས་ཏེ།བྱེ་བཅོས་བྱེད་སྟངས་རྒྱུན་ཆད་མེད་པར་རིམ་སྤོར་བྱས་པ་དང་། སྔོན་ཆད་བྱེ་ཁུལ་དུ་འགྲོ་ལམ་མེད་པས་དངོས་ཟོག་ཡོད་ཚད་ཕྱུགས་ཟོག་དང་མི་ཤུགས་ལ་བརྟེན་དགོས་ཤིང་། རྗེས་སུ་འདྲུད་འཐེན་འཕྲུལ་འཁོར་སོགས་ཀྱི་འཕྲུལ་ཆས་གཅིག་རྗེས་གཉིས་མཐུད་དུ་ཐོན་པ་དང་། ད་ལྟ་རིག་ནུས་ཅན་གྱི་བྱེ་བཅོས་སྒྲིག་ཆས་མཐོ་སྒང་བྱེ་ཁུལ་དུ་བསྐྱོད་དེ་མི་མེད་འཕྲུལ་ཆས་འགའ་ཡིས་ཐེངས་གཅིག་ལ་རྒྱ་མ150ལྷག་གི་འབྲས་རྩྭ་དབོར་འདྲེན་བྱེད་ཐུབ་པས། ལས་སྒྲུབ་ནུས་པ་ལྡབ་འགྱུར་གྱིས་མཐོར་འདེགས་སུ་སོང་ནས་མིའི་ཁུར་པོ་ཇེ་ཡང་དུ་ཕྱིན་ཡོད། ཀོས་ནན་རྫོང་གིས་གྲང་ངར་ཆེ་བའི་གནམ་གཤིས་ཀྱི་ཁྱད་ཆོས་ལ་དམིགས་ཏེ། ལྕང་མ་སོགས་རང་ས་གནས་ཀྱི་ཤིང་སྡོང་གི་རིགས་ལེགས་འདེམས་བྱས་ནས། བྱེ་འགོག་རྩྭ་འདེབས་དང་སྡོང་རྩྭ་ཟུང་འབྲེལ། བཀག་སྡོམ་ནགས་བཟོའི་དོ་དམ་སྲུང་སྐྱོང་སོགས་ཚན་རིག་དང་མཐུན་པའི་བྱེ་བཅོས་བྱེད་ཐབས་འཚོལ་ཞིབ་བྱས་པས། བྱེ་བཅོས་བྱེད་དཀའ་བ་ནས་བྱེ་འགོག་བྱེད་བདེ་བར་གྱུར་ཡོད། མིག་སྔའི་བར། རྫོང་ཡོངས་ཀྱིས་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར17.5བཏང་སྟེ། བྱེ་འགྱུར་ས་ཞིང་མུའུ་ཁྲི221གི་ཕྱོགས་བསྡུས་བཅོས་སྐྱོང་ལེགས་འགྲུབ་བྱུང་བ་དང་། མུ་གེ་ཐང་གི་བྱེ་འགོག་ས་ཁུལ་དུ་ནགས་ར་བསྐོར་ཏེ། ནགས་ཚལ་གྱི་ཁེབས་ཚད2.6%ནས19.24%བར་ཆེ་རུ་ཕྱིན་ཡོད་ལ། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཚད66.21%ཟིན་ཏེ། ལྟེ་བའི་བཅོས་སྐྱོང་ཁུལ་གྱི་སྔོ་ཁེབས་ཚད75%ལས་བརྒལ་ཡོད་པ་རེད།

སྔོན་ཆད་བྱེ་འགྱུར་གྱི་རྒྱ་ཁྱོན་ཆེ་བ་ནས་ད་ལྟའི་ལྗང་སྒྱུར་གི་ཁེབས་ཚད་ཆེ་བའི་བར། ཀོས་ནན་རྫོང་གིས་སྐྱེ་ཁམས་བཅོས་སྐྱོང་དང་དམངས་ཚིས་འཕེལ་རྒྱས་ཀྱི་ནུས་པ་རྒྱུན་འཁྱོངས་བྱས་ཏེ། ཁྱོན་བསྡོམས་རོང་འབྲོག་མང་ཚོགས་ཁྲི1.8ལྷག་ཙམ་གྱིས་རང་ཁྱིམ་ཉེ་སར་ལས་ཞུགས་ཐུབ་པ་དང་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱས་པ་རེད། ད་ལྟ་ས་གནས་ཀྱིས་རིག་གནས་དང་ཡུལ་སྐོར། ལུས་རྩལ་བཅས་མཉམ་འདྲེས་འཕེལ་རྒྱས་སུ་གཏོང་བའི་བྱེད་ཐབས་འཚོལ་ཞིབ་བྱས་ཏེ། མུ་གེ་ཐང་གི་ལྗོངས་ཕྱིའི་བྱེ་བགྲོད་རླངས་འཁོར་གྱི་འགྲན་སློང་འགྲན་བསྡུར་སོགས་ཁྱད་ལྡན་འགྲན་བསྡུར་བསྟུད་མར་སྤེལ་བ་དང་། འོད་ནུས་དང་བྱེ་འགོག གཟན་རྩྭ་འདེབས་འཛུགས་དང་མཐོ་སྒང་ཕྱུགས་རིགས་བཅས་མཉམ་འདུས་ཀྱི་ལས་རྣམ་གསར་པ་བཏོད་དེ། སྐྱེ་ཁམས་ཀྱི་དགེ་མཚན་དེ་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་ནས་རྨ་ཆུའི་སྟོད་རྒྱུད་ཀྱི་ལྗང་མདོག་སྐྱེ་ཁམས་བརྟན་པོར་སྲུང་།


热门新闻

热门图库

热门排行