གནས་ཚུལ། 详情

ཀོས་ནན་གྱིས་རོལ་དབྱངས་ཆེད་ཚོགས་སྐབས་བཅུ་གཉིས་པ་དང་བོད་ཀྱི་གཙག་དྲུབ་གསར་གཏོད་རྒྱན་གོས་འགྲེམ་སྟོན་སྐབས་གཉིས་པ་སྤེལ།

ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་བྱ་བ་གཙོ་བོར་དམ་འཛིན་དང་། རྨ་ཀླུང་སྔོན་མའི་ཡུལ་སྐོར་ཁུལ་རྒྱུད་ཀྱི་སྐྱེ་ཁམས་ཡུལ་སྐོར་མཉམ་སྡེབ་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱ་ཆེད། ཀོས་ནན་རྫོང་གིས་ཕུན་སུམ་ཚོགས་པའི་ཐོན་ཁུངས་ལ་གཞི་ཚུགས་ཏེ། ཞིང་ལས་དང་ལུས་རྩལ། རིག་གནས།ཡུལ་སྐོར་ཚོང་ལས་བཅས་རྣམ་པ་མང་པོ་མཉམ་འདྲེས་ཡོང་བར་སྐུལ་འདེད་བཏང་ནས། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་བསྩལ།གཞུང་དངོས། ཟླ8པའི་ཚེས3ཉིན། ཀོས་ནན་རྫོང་གི་ནོར་གནག་དང་གཙག་དྲུབ། གླུ་གར་རོལ་དབྱངས་ཆེད་ཚོགས་སྐབས་བཅུ་གཉིས་པ་དང་ཡིད་འོང་གི་ཀོས་ནན་དང་མཛེས་སྡུག་གི་རི་ཀླུང་ཞེས་པའི་བོད་ཀྱི་གཙག་དྲུབ་གསར་གཏོད་གྱོན་ཆས་འགྲེམ་སྟོན་སྐབས་གཉིས་པ་ཐར་ཤུལ་རྩྭ་ཐང་ནས་མགོ་བརྩམས། བྱ་འགུལ་ཧྲིལ་པོར་རིག་གནས་དང་ཐོན་ལས་ལ་གཞི་བཅོལ་ཏེ། ཞིང་ལས་དང་ལུས་རྩལ། ཡུལ་སྐོར། ཚོང་ལས་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ།རྨ་ཀླུང་སྔོན་མོའི་སྐྱེ་ཁམས་ཡུལ་སྐོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྩལ་ཡོད།

QQ20260806-081144.jpg

བྱ་འགུལ་སྤེལ་ཡུལ་གྱི་རྣམ་པ་ཕུན་སུམ་ཚོགས་ལ། ཁྱད་ཆོས་ལྡན་པའི་གྱོན་ཆས་འགྲེམ་སྟོན་དེའི་ཁོངས་སུ་གཏོགས་ཤིང་། སྙན་འཇེབས་ལྡན་པའི་མི་རིགས་ཀྱི་རོལ་དབྱངས་དང་བསྟུན་ནས་ཤོམ་འགྲོ་པས་ལུས་ལ་གཟབ་འཆོར་གྱོན་ནས་གར་སྟེགས་སུ་ངོམས་བཞིན་ཡོད་ལ། མཛེས་སྡུག་ལྡན་པའི་རྒྱན་གོས་རེ་རེར་མི་རིགས་ཀྱི་ཁྱད་ཆོས་ལྡན་པ་དང་ཚོགས་ར་ཡོངས་སུ་དགའ་སྤྲོས་རྣམ་པས་ཁེངས་ཤིང་། ཀོས་ནན་བོད་ཀྱི་གཙག་དྲུབ་ཀྱི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་ནུས་པ་དང་གསར་གཏོད་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་ཡོད།

གླུ་མ་རིག་འཛིན་སྒྲོལ་མས་བཤད་རྒྱུར། ཐེངས་འདིའི་བྱ་འགུལ་ལ་ཞུགས་ཐུབ་པར་ང་རང་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། ཀོས་ནན་ང་གི་ཕྱོགས་གང་ཐད་ལ་འཕེལ་རྒྱས་ཆེན་པོ་དང་འགྱུར་ལྡོག་ཆེན་པོ་བྱུང་ཡོད།  ཐེངས་འདིའི་བྱ་འགུལ་སྟེང་ས་ཆ་སོ་སོའི་བོད་ཀྱི་རྒྱན་གོས་རིག་གནས་འགྲེམ་སྟོན་བྱས་པར་དོན་སྙིང་གལ་ཆེན་ལྡན་ལ། ས་ཁུལ་སོ་སོའི་རྒྱན་གོས་ཀྱི་ཁྱད་ཆོས་མི་འདྲ་བར་རིན་ཐང་ཡང་ཆེན་པོ་ལྡན། དེ་བས་ང་རང་ཉིད་ཀྱིས་ཀྱང་ཕ་ཡུལ་གྱི་ཁྱད་ཆོས་ལྡན་པའི་རྒྱན་གོས་གྱོན་ཡོད་ཟེར།

བྱ་འགུལ་ཡུལ་དངོས་སུ་ཁྱད་ལྡན་ཐོན་ལས་ཀྱི་གྲུབ་འབྲས་འགྲེམ་སྟོན་ཁུལ་བཙུགས་ཡོད་ལ། ནོར་གནག་དང་ལུག་ནག མཐོ་སྒང་གི་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས། ཤུལ་བཞག་རིག་གནས་ཀྱི་གསར་གཏོད་ཐོན་རྫས་སོགས་ས་གནས་ཀྱི་སྤུས་ལེགས་ཐོན་ཁུངས་འགྲེམ་སྟོན་བྱས་ནས། ཀོས་ནན་རྫོང་གི་ལུག་ནག་གི་ཕ་ས་དང་། བོད་ཀྱི་གཙག་དྲུབ་དང་གླུ་གར་གྱི་ཕ་ས་ཞེས་པའི་ཐོན་ལས་དང་རིག་གནས་ཀྱི་ཁྱད་ཆོས་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད། རིག་རྩལ་འཁྲབ་སྟོན་དང་ཤོམ་འགྲོ། ཐོན་ལས་འགྲེམ་ཚོང་བཅས་ཀྱི་རིགས་ཚན་ཆེན་པོ་གསུམ་ཕན་ཚུན་གསབ་རེས་དང་མཉམ་འདྲེས་གཏིང་ཟབ་བྱུང་ཡོད་ལ། མི་རིགས་ཀྱི་ཁྱད་ཆོས་ལྡན་ཞིང་དུས་རབས་ཀྱི་དར་སྲོལ་གསར་པ་དང་མཐུན་པས་ཀོས་ནན་རྫོང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཕྱོགས་ཡོངས་ནས་མངོན་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་རིག་གནས་ཡུལ་སྐོར་གྱི་འདུ་ཚོགས་ཆེན་མོ་ནི་ཀོས་ནན་རྫོང་གིས་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་། མི་རིགས་རིག་གནས་རྒྱུན་འཛིན། ས་གནས་ཀྱི་རིག་གནས་ཡུལ་སྐོར་མིང་བྱང་གསལ་པོར་བཟོ་བ་བཅས་ལ་ཤུགས་སྣོན་པའི་ལག་ལེན་དངོས་ཡིན་པ་མ་ཟད། ཞིང་ལས་དང་རིག་གནས། ཡུལ་སྐོར་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཁྱད་ལྡན་ཐོན་རྫས་འཚོང་བའི་ཐབས་ལམ་རྒྱ་སྐྱེད་པའི་ལས་སྟེགས་གལ་ཆེན་ཞིག་ཀྱང་ཡིན། བྱ་འགུལ་འདིས་དྲིལ་སྒྲོག་ཐབས་ལམ་སྣ་མང་བརྒྱུད་ནས་ཀོས་ནན་རྫོང་གི་སྙན་གྲགས་སྔར་ལས་ཆེ་རུ་བཏང་། དུས་མཚུངས་སུ། རྫོང་ཁོངས་ཀྱི་ཟ་ཁང་དང་མགྲོན་ཁང་། ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་སོགས་ཀྱི་འཛད་སྤྱོད་ལ་སྐུལ་ཁྲིད་བྱས་ཏེ། རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་ཁྲོམ་ར་མུ་མཐུད་དུ་ཇེ་ལེགས་སུ་བཏང་ལ། བྱ་འགུལ་ལེགས་འགྲུབ་བྱུང་བ་དེས་ཀོས་ནན་རྫོང་གིས་དྭངས་གཙང་རྨ་ཀླུང་སྔོན་མོའི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་དང་མཉམ་འདྲེས་ཟབ་མོ་བྱེད་པ་དང་། རིག་གནས་ཡུལ་སྐོར་གྱིས་རྫོང་དར་སྤེལ་དུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པར་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

热门新闻

热门图库

热门排行