《མཚོ་སྔོན་ཞིང་ཆེན་གྱི་བརླན་སའི་སྲུང་སྐྱོབ་སྲོལ་ཡིག》ཟླ11པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།
ཟླ7པའི་ཚེས31ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གསུམ་པའི་སྟེང《མཚོ་སྔོན་ཞིང་ཆེན་གྱི་བརླན་སའི་སྲུང་སྐྱོབ་སྲོལ་ཡིག》ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། 2026ལོའི་ཟླ11པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།
《སྲོལ་ཡིག》ལ་བསྡོམས་པའི་ལེའུ་བདུན་དང་དོན་ཚན་ཞེ་དགུ་ཡོད་ཅིང་། བརླན་སའི་དོ་དམ་སྒྲིག་སྲོལ་དང་། ཐོན་ཁུངས་དོ་དམ། སྲུང་སྐྱོབ་བེད་སྤྱོད། སླར་གསོ། ལྟ་སྐུལ་དོ་དམ། བཅའ་ཁྲིམས་ཀྱི་འགན་འཁྲི་སོགས་ཚད་ལྡན་དུ་བཏང་ཡོད།
《སྲོལ་ཡིག》ནང་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་བརླན་ས་སྲུང་སྐྱོབ་ལ་འགན་འཁུར་ནས། བརླན་ས་སྲུང་སྐྱོབ་བྱ་རྒྱུ་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ནང་བཅུག་པ་དང་། དེར་མཁོ་བའི་འགྲོ་གྲོན་དེ་རིམ་པ་དེ་གའི་ནོར་སྲིད་སྔོན་རྩིས་ནང་བཅུག ནགས་རྩྭ་དང་རང་བྱུང་ཐོན་ཁུངས། སྐྱེ་ཁམས་ཁོར་ཡུག ཞིང་ལས་ཞིང་སྡེ་སོགས་སྡེ་ཁག་གི་དོ་དམ་འགན་འཁྲི་ཞིབ་ཕྲ་བཟོ་དགོས་པ་མ་ཟད། རང་བྱུང་སྲུང་སྐྱོབ་ས་ཆའི་དོ་དམ་སྒྲིག་གཞིས་འགན་དབང་ལྟར་དེའི་ཁྱབ་ཁོངས་ནང་གི་བརླན་སར་དོ་དམ་བྱ་རྒྱུ་གསལ་བོ་བྱེད་དགོས། དེ་ལས་གཞན། གོང་གནས་ཁྲིམས་གཞིར་བཟུང་ནས། བརླན་སའི་ཐོན་ཁུངས་ལ་བརྟག་དཔྱད་གདེང་འཇོག་དང་། རྒྱ་ཁྱོན་བསྡོམས་འབོར་དོ་དམ་ཚོད་འཛིན་བྱེད་པ། རིམ་དབྱེ་དང་མིང་ཐོའི་དོ་དམ། བརླན་ས་བཟུང་སྤྱོད་ཚོད་འཛིན་ནན་མོ་བྱེད་པ། བརླན་ས་སླར་གསོའི་གྲོན་དངུལ། འགུལ་རྣམ་ལྟ་ཞིབ་ཚད་ལེན་སོགས་ཀྱི་གཏན་འབེབས་ཆ་ཚང་གསལ་བོ་བཟོས་ཡོད།
《སྲོལ་ཡིག》ནང་བརླན་ས་དེ་རྒྱལ་ཁབ་སྤྱི་གླིང་དང་རང་བྱུང་སྲུང་སྐྱོབ་ཁུལ་ལམ་ཡང་ན་རང་བྱུང་སྤྱི་གླིང་ནང་བཅུག་ནས་སྲུང་སྐྱོབ་བྱ་རྒྱུ་གསལ་བོ་བྱས་པ་མ་ཟད། གོང་གནས་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་ནས། བརླན་སའི་ནང་གི་བཀག་སྡོམ་བྱ་སྤྱོད་སྔར་བས་གསལ་བོ་བྱས་ཏེ། དངོས་ཡོད་བཅོས་སྐྱོང་གི་དགོས་མཁོ་སྐོང་ཐུབ་པར་ཁག་ཐེག་བྱེད་པ་དང་ལམ་ལུགས་ཀྱི་འགྱུར་མེད་རང་བཞིན་ཆེ་རུ་བཏང་ཡོད། ཞིང་ཆེན་རིམ་པའི་བརླན་ས་གལ་ཆེན་ཉམས་གསོ་བྱེད་པར་ས་ཁོངས་གཅིག་གི་ནང་ངམ་ཡང་ན་བརླན་སའི་རིགས་འདྲ་བའི་ཞིང་ཆེན་རིམ་པའི་བརླན་ས་གལ་ཆེན་མང་པོ་ཞིག་ལ་ཉམས་གསོའི་ཇུས་གཞི་གཅིག་གྱུར་འཆར་འགོད་དང་རྩ་འཛུགས་བྱས་ནས་ཉམས་གསོ་བྱེད་ཆོག་པ་གསལ་བོ་བཟོས་ཡོད། རིགས་དབྱེ་ཇུས་བསྟར་རྒྱུན་འཁྱོངས་བྱས་ཏེ། རང་ཞིང་གི་བརླན་སའི་འདམ་ར་དང་། འདམ་སོལ་བརླན་ས། ཆུ་བོ་དང་མཚེའུ་ཡི་བརླན་ས། བརླན་ས་ཆུང་གྲས་སོགས་བརླན་སའི་རིགས་མི་འདྲ་བར་ཉམས་གསོའི་བླང་བྱ་ཞིབ་ཕྲ་བཏོན་ཡོད། 《སྲོལ་ཡིག》ལས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་འགན་འཁྲི་ཁག་བགོས་ལྟར་ལྟ་སྐུལ་ཞིབ་བཤེར་བྱས་ཏེ། བརླན་སར་གཏོར་བཤིག་གཏོང་བའི་ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་དགོས་པ་གཏན་འབེབས་བྱས་ཡོད།
མཚམས་སྦྱོར་བྱས་པ་ལྟར་ན། 2013ལོར། རང་ཞིང་གིས《མཚོ་སྔོན་ཞིང་ཆེན་གྱི་བརླན་སའི་སྲུང་སྐྱོབ་སྲོལ་ཡིག》གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ཁྱབ་བསྒྲགས་དང་ལག་བསྟར་བྱས་པས། རང་ཞིང་གི་བརླན་ས་སྲུང་སྐྱོབ་བྱ་བར་སྐུལ་འདེད་ནུས་ལྡན་བཏང་ཡོད། སྲོལ་ཡིག་ལ་གོང་གནས་ཁྲིམས་གསར་པ་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་བརླན་ས་སྲུང་སྐྱོབ་སྲིད་ཇུས་ལྟར་ཕྱོགས་ཡོངས་ནས་བཟོ་བཅོས་བྱས་ཏེ། གོང་གནས་ཁྲིམས་དང་སྦྲེལ་མཐུད་ནུས་ལྡན་ཐུབ་པར་བྱས་པས། བརླན་ས་སྲུང་སྐྱོབ་ལ་ཁྲིམས་སྐྱོང་གི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས་ཡོད།