གཙོ་གནད། 详情

བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ལེགས་པོ་རྩོམ་དགོས། 

2026ལོ་ནི་ཀྲུང་གོའི་གུང་ཁྲན་ཏང་བཙུགས་ནས་ལོ105འཁོར་བའི་ལོ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་བརྩམས་པའི་ལོ་རེད། ལོ་ངོ105ཡི་རིང་། ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བའི་ཐོག་མའི་དམ་བཅའ་བརྟན་སྲུང་བྱས་པ་དང་། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྒོས་སྣེ་ཁྲིད་དེ་འབད་འཐབ་ལྷོད་མེད་བྱས་ཤིང་། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་འགའི་ལོ་རྒྱུས་ཐོག་གི་ཆེས་བརྗིད་ཆེའི་ལོ་རྒྱུས་སྙན་ངག་བརྩམས། ལོ་རྒྱུས་གནད་འགག་གི་ལམ་བུ་གསར་པར་སླེབས། ད་ལོའི་ཚུན་ལ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་ལས་འགན་གལ་ཆེན་ལ་གཞིགས་ཏེ། ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་ཞིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། སྟོབས་ཤུགས་གཅིག་སྡུད་ཀྱིས་རང་ཉིད་ཀྱི་བྱ་བ་ཡག་པོ་བསྒྲུབས་ཏེ“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ལེགས་པོ་རྩོམ་པར་སྣེ་ཁྲིད་གནང་།   

《གསར་འགྱུར་མཉམ་སྒྲོག》ལས་ཚེས་གཉིས་ཉིན་ནས་བཟུང་ཕྲེང་བསྟར་གསར་འགྱུར《ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་འབད་པས་གཏོད་པ་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ད་ལོའི་ཚུན་གྱི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་དངོས་བྲིས》ཞེས་པ་བཏང་། ཚེས་གཉིས་ཉིན།《བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ།  “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ལེགས་པོ་རྩོམ་དགོས》ཞེས་པ་བཏང་།   

དུས་ཡུན་རིང་འབྲིང་གི་འཆར་འགོད་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མཛུབ་སྟོན་བྱ་རྒྱུ་ནི། ང་ཚོའི་ཏང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་སྒྲུབ་སྟངས་གལ་ཆེན་ཞིག་ཡིན། ཀྲུང་ཧྭ་མི་རིགས་ཀྱི་བྱ་གཞག་རླབས་པོ་ཆེ་བསྒྲུབ་རྒྱུར་གཞོལ་བའི་ལོ་བརྒྱའི་ཏང་ཆེན་པོ་ལ2026ལོའི་ལོ་འཁོར་འདིའི་ཐེག་ཚད་ཀྱི་ལོ་རྒྱུས་ལས་འགན་ལ་གཏན་གནས་གསལ་བོ་ཡོད།

རང་རྒྱལ་གྱི་འཕེལ་རྒྱས་དེ་འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁའི་འགྲན་སློང་མཉམ་གནས་དང་། ངེས་གཏན་མེད་པ་དང་སྔོན་དཔག་དཀའ་བའི་རྒྱུ་རྐྱེན་མང་དུ་འགྲོ་བའི་དུས་སྐབས་སུ་གནས་ཡོད། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ནི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་རྨང་གཞི་བརྟན་པོ་དང་། ཕྱོགས་ཡོངས་ནས་ནུས་ཤུགས་འདོན་པའི་གནད་འགག་གི་དུས་སྐབས་ཡིན། ལོ་རྒྱུས་ཀྱི་ཁ་ཕྱོགས་འདི་འདྲའི་མདུན་དུ་མཐུད་རྒྱུག་འགྲན་བསྡུར་ཁྲོད་ཀྱི“གནད་འགག་གི་དབྱུག་པ”ཇི་ལྟར་ཡག་པོ་མཐུད་དགོས་སམ། 

འགོ་ལེགས་པོ་རྩོམ་རྒྱུ་ཁྱོན་ཡོངས་དང་འབྲེལ་ཞིང་། འགོ་ལེགས་པོ་རྩོམ་པ་ལས་མདུན་ལམ་ཐག་གཅོད་ངེས།

ཟླ་དང་པོའི་ཚེས20ཉིན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་ཞིབ་འཇུག་བགྲོ་གླེང་འཛིན་གྲྭ་འཛུགས་པའི་མཛད་སྒོའི་སྟེང་ནན་གྱིས་བསྟན་དོན།  ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ལས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་བཀོད་སྒྲིག་བྱས་ཤིང་། ཕྱོགས་ཡོངས་ནས་གོ་བ་ཟབ་མོ་ལེན་པ་དང་སྟངས་འཛིན་བྱས་ཏེ།  “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ལེགས་པོ་རྩོམ་དགོས།

ཟླ3པའི་ཚེས12ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རྩ་གནད་ལ་ཆོག་མཆན་བཀོད་དེ། ཏང་གི་འདོད་ཚུལ་ཁྲིམས་བཀོད་གོ་རིམ་བརྒྱུད་དེ་རྒྱལ་ཁབ་ཀྱི་འདོད་བློར་བསྒྱུར་བ་དང་། རྒྱལ་ཁབ་ཀྱི་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས་བརྒྱུད་དེ། རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་ཀྱི་འཐབ་ཇུས་ཕྱོགས་སྟོན་ནུས་པ་སྔར་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་པར་ཁྲིམས་སྐྱོང་གི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱས།

དམིགས་འབེན་གཏན་འཁེལ་བྱས་ན་གཞི་ནས་ཤུགས་འདོན་གནད་སྨིན་དང་སྙིང་རུས་གཏན་འཁྱོངས་བྱེད་ཐུབ། འཆར་འགོད་ལ་གོ་རིམ་ལྡན་ན་གཞི་ནས་འགག་སྒྲོལ་བྱེད་ཐུབ།  

“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་རྩོམ་པའི་ལོར། འཆར་འགོད་མཐར་ཕྱིན་པ་འགོད་པའི་འཐབ་ཇུས་ཀྱི་གཏན་ཤུགས་ཡོད་ལ། “དམིགས་འབེན་ཡོད་ན་དམ་འཛིན་གྱིས་བསྒྲུབ་དགོས་པའི”དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་ཆོད་སེམས་ཀྱང་ཡོད།    སྤྱི་ཁྱབ་ཧྲུའུ་ཅིས་ནན་གྱིས་བསྟན་དོན།  འཆར་འགོད་ཡག་པོ་དང་ལག་བསྟར་ནུས་པ་གཉིས་ཟུང་འབྲེལ་བྱེད་དགོས།

སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་དང་པོར་གཞིགས་ཏེ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་ལོའི་ཚུན་ལ་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་།

ཟླ་དང་པོར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ལོ་འགོ་ཚུགས་པའི་ཐུན་མོང་སློབ་སྦྱོང་ཐེངས་དང་པོ་བྱས་ནས། མ་འོངས་ཀྱི་བཀོད་སྒྲིག་དང་མ་འོངས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་གཙོར་བཟུང་། 

ཟླ2པར།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ད་ལོའི་རྒྱལ་ནང་གི་རྟོག་ཞིབ་ཐེངས་དང་པོ་དེ་པེ་ཅིང་དབྱི་ཀྲོང་དུ་གནས་པའི་རྒྱལ་ཁབ་ཆ་འཕྲིན་གསར་གཏོད་གླིང་དུ་ཕེབས་ནས། ཆ་འཕྲིན་ལག་རྩལ་གསར་གཏོད་བེད་སྤྱོད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད། 

བྱེད་སྒོ་གལ་ཆེན་འདི་གཉིས་ཀྱིས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པ་དང་། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས་ཇེ་མགྱོགས་སུ་གཏོང་བའི་དགོས་གལ་རང་བཞིན་མངོན་གསལ་དུ་མཚོན་ཡོད།

ལོ་གསར་པའི་སློབ་ཚན་དང་པོའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱ་རྒྱུ་དེ་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རིང་གི་འཐབ་ཇུས་ལས་འགན་སོ་སོའི་དོན་ཚན་དང་པོར་བཞག་པ་ནི་བསམ་གཞིགས་གཟབ་ནན་བྱས་ནས་བྱུང་བ་ཡིན་ཞིང་། ལོ་འདི་དག་གི་རིང་། རང་རྒྱལ་གྱི་དཔལ་འབྱོར་གྱིས་དཀའ་ངལ་མང་པོ་ཁྱད་དུ་བསད་ཅིང་། མཉེན་གཤིས་དང་གསོན་ཤུགས་ཆེན་པོ་རྒྱུན་འཁྱོངས་ཐུབ་པའི་འཐབ་ཇུས་རྒྱབ་རྟེན་ནི་ཐོན་ལས་ཀྱི་མ་ལག་ཆ་ཚང་བ་ཡིན།

དངོས་ཕུང་དཔལ་འབྱོར་ཟམ་མི་ཆད་པར་སྟོབས་ལྡན་དུ་གཏོང་བ་དང་ལེགས་སྒྱུར་གཏོང་བ། གཞི་ཁྱོན་ཆེ་རུ་བཏང་ཚེ། ད་གཟོད་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྨང་གཞི་སྔར་ལས་བརྟན་པོ་འདིང་ཐུབ།

རྒྱལ་ཡོངས་ཚོགས་ཆེན་གཉིས་འཚོགས་པའི་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཅང་སུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས། ཀྲུང་གོ་འདི་འདྲ་ཆེན་པོ་ཡིན་པས། ང་ཚོས་ངེས་པར་དུ་དངོས་ཕུང་དཔལ་འབྱོར་གཉེར་དགོས། ཕྱོགས་གཅིག་དང་ཁྱབ་ཁོངས་གཅིག་ཀྱང་ཆད་མི་རུང་། བྱ་བའི་གཙོ་གནད་དེ་རང་ངོས་སྟོབས་ལྡན་དུ་གཏོང་བའི་ཐོག་འཇོག་རྒྱུ་མཐའ་འཁྱོངས་བྱེད་དགོས་ཞེས་ནན་གྱིས་བསྟན།

འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་རྒྱུ་ནི་རང་རྒྱལ་གྱིས་འཕེལ་རྒྱས་ཀྱི་རང་དབང་སྟངས་འཛིན་བྱེད་པའི་སྔོན་ཇུས་ཤིག་ཡིན་ཏེ། ད་ལོ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གལ་ཆེན་དང་ས་གནས་ལ་རྟོག་ཞིབ་གནང་སྐབས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་སྒོས་འཛུགས་པར་བཀོད་སྒྲིག་ཐེངས་མང་གནང་ཞིང་། རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་སྟོབས་ལྡན་དུ་གཏོང་བར་བརྟེན་ནས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་རང་བདག་རང་བཞིན་ཆེ་རུ་གཏོང་བ་དང་། རྒྱལ་སྤྱིའི་འཁོར་སྐྱོད་རྒྱ་སྐྱེད་པར་བརྟེན་ནས་རྒྱལ་ནང་གི་བཅོས་སྒྱུར་འཕེལ་རྒྱས་ཀྱི་གསོན་ཤུགས་ཇེ་དྲག་ཏུ་གཏོང་བ། ཕྱི་ནང་སྦྲེལ་མཐུད་དང་ཕན་ཚུན་སྐུལ་འདེད། ཐུན་མོང་ཡར་རྒྱས་བཅས་མངོན་འགྱུར་ཡོང་བར་འབད་བརྩོན་བྱེད་དགོས་ཞེས་ནན་གྱིས་བསྟན།

ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་འགག་རྩའི་འདེགས་སྐྱོར་ཡིན། ད་ལོ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་བསམ་བཀོད་གཅིག་གི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་བྱ་གཞག་ཆེན་པོ་འདི་ལ་ཇུས་འགོད་གནང་།

རྒྱལ་ཡོངས་ཚོགས་ཆེན་གཉིས་འཚོགས་པའི་རིང་། སྤྱི་ཁྱབ་ཧྲུའུ་ཅིས་དཔལ་འབྱོར་ཞིང་ཆེན་ཆེན་པོས་གནས་ཚུལ་གསར་པར་ཞིབ་འཇུག་བྱེད་པ་དང་། གནད་དོན་གསར་པ་ཐག་གཅོད་བྱེད་པའི་ཐད་ཤུགས་སྣོན་དགོས་པ་དང་། ཉམས་མྱོང་སྤྱི་སྡོམ་བྱེད་དགོས་ཞེས་ནན་གྱིས་བསྟན།

རྒྱལ་ཡོངས་ཚོགས་ཆེན་གཉིས་འཚོགས་རྗེས། སྤྱི་ཁྱབ་ཧྲུའུ་ཅིས་ཧི་པེའི་ཞུང་ཨན་ཁུལ་གསར་དུ་འགོ་འཛིན་མཛད་དེ། ཞུང་ཨན་ཁུལ་གསར་གྱི་སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས་ནས། པེ་ཅིང་དང་ཐེན་ཅིན། ཧི་པེ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་དབྱེ་ཞིབ་དང་ཁ་ཕྱོགས་གསལ་སྟོན་གནང་།

ཟླ6པར། སྤྱི་ཁྱབ་ཧྲུའུ་ཅིས་རྒྱུན་རྣམ་ཅན་དུ་ཤར་ནུབ་མཐུན་སྦྱོར་བྱ་བ་ཡག་པོ་བསྒྲུབ་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་།

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་དཔེ་དམག་འཛུགས་སྐྱོང་གཙིགས་སུ་བཟུང་བ་མ་ཟད། ཤར་ནུབ་མཐུན་སྦྱོར་ཐད་ས་ཁོངས་འཕེལ་རྒྱས་བར་ཁྱད་ཇེ་ཆུང་དུ་གཏོང་རྒྱུ་ལའང་གཅིག་འདོམས་སྐུལ་འདེད་བཏང་། སྤྱི་ཁྱབ་ཧྲུའུ་ཅིའི་འཐབ་ཇུས་མཛུབ་ཁྲིད་འོག སྤྱི་ཚོགས་རིང་ལུགས་ཀྱི་སྟོབས་ཤུགས་གཅིག་སྡུད་བྱས་ནས་དོན་ཆེན་སྒྲུབ་པའི་ལམ་ལུགས་ཀྱི་ལེགས་ཆ་ལེགས་པོར་མངོན་ཡོད།

ཞིང་ལས་ཞིང་སྡེའི་དེང་རབས་ཅན་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྱོན་ཡོངས་དང་སྤུས་ཚད་དང་འབྲེལ་བ་ཡོད་པས། ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་སུ་ཉར་བའི་དོན་ཆེན་ཞིག་རེད།

ཟླ6པར། སྤྱི་ཁྱབ་ཧྲུའུ་ཅི་ཆེད་དུ་ཧྲན་ཏུང་ཏི་ཀྲོའུ་ལིན་ཁྲེང་ཁུལ་པེན་ལིན་གྲོང་རྡལ་ཏུང་ཡུས་ཅ་སྡེ་བར་ཕེབས་ནས། ས་གནས་ཀྱི་དབྱར་གསུམ་ཐོན་སྐྱེད་བྱ་བའི་སྙན་ཞུ་ཕུལ་བར་གསན། དེའི་རྗེས་ད་རུང་ཞིང་ཁར་ཕེབས་ནས་འབྲུ་འདེབས་ཁྱིམ་ཆེན་དང་ཞིང་ལས་འཕྲུལ་ཆས་བཀོལ་སྤྱོད་པ། ཞིང་ལས་ལག་རྩལ་མི་སྣ་བཅས་ལ་བརྩེ་བའི་ངང་ཞལ་བརྡ་གནང་།

ད་ལོར་རང་རྒྱལ་གྱི་དབྱར་འབྲུའི་ཐོན་ཚད་ཐོག་མར་རྒྱ་མ་ཁྲག་ཁྲིག་གསུམ་ལས་བརྒལ། དབྱར་འབྲུར་ལོ་ལེགས་བྱུང་བ་ནི་ལས་སླ་མོ་ཞིག་གཏན་ནས་མིན་པས། ང་ཚོས་ཀྲུང་གོའི་ཟས་ཕོར་ལག་ཏུ་དམ་པོར་འཛིན་པའི་འཐབ་ཇུས་ཀྱི་རང་འགུལ་མངོན།

འབྲུ་རིགས་བདེ་འཇགས་དང་། ནུས་ཁུངས་བདེ་འཇགས། ཐོན་ལས་མུ་ཕྲེང་དང་མཁོ་སྤྲོད་མུ་ཕྲེང་གི་བདེ་འཇགས་བཅས་སྲུང་སྐྱོང་ལེགས་པོ་བྱེད་པ་ནས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གནོད་འགོག་གནོད་འཕྲི་དང་རྒུད་སྐྱོབ་ཀྱི་ནུས་པ་ཆེ་རུ་གཏོང་བའི་བར་ཐུན་མོང་སློབ་སྦྱོང་བྱས་པ་དང་། ད་ལོ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་གནང་སྟེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཉེན་ཆ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་ཚུགས་ནས་ཡུན་རིང་བསྐྱོད་པར་སྲུང་སྐྱེལ་བྱས།

ཟླ7པའི་ཚེས15ཉིན། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་གཞི་གྲངས་ཁྱབ་བསྒྲགས་བྱས། ལོ་སྟོད་དུ་རྒྱལ་ནང་གི་ཐོན་སྐྱེད་སྤྱི་ཐང་སྒོར་རབ་བཀྲམ་དྲུག་ཁྲག་ཆེན་དགུ་དང་ཁྲག་ཁྲིག་དྲུག་ཟིན་པ་དེ་འགྱུར་མེད་རིན་གོང་ལྟར་བརྩིས་ན་ན་ནིང་གི་དུས་མཉམ་ལས4.7%འཕར།

ཟླ7པའི་ཚེས30ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་བསྡུས། གྲོས་ཚོགས་ལས་ངོས་འཛིན་བྱས་དོན། ད་ལོ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྒོས་སྣེ་ཁྲིད་དེ།  ཡར་རྒྱས་བརྩོན་ལེན་དང་དཔའ་སྐྱེད་འབད་འཐབ་བྱས་ཏེ། རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཆེན་པོ་གཉིས་ལ་གཅིག་འདོམས་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་བྱེད་པ། ཕྱི་ཕྱོགས་ཀྱི་རྡུང་རྡེག་དང་ནང་ཁུལ་གྱི་དཀའ་ངལ་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་འཇལ་བས། རང་རྒྱལ་གྱི་དཔལ་འབྱོར་ལ་སྒུལ་ནུས་གསར་པ་དང་གྲུབ་ཚུལ་ལེགས་ཕྱོགས་སུ་འཕེལ་བའི་རྣམ་པ་མངོན།

འདི་ནི་ཐོབ་དཀའ་བའི་ལོ་ཕྱེད་རིང་གི་དཔལ་འབྱོར་སྙན་ཞུ་ཡིན་པར་མ་ཟད། འགོ་ཚུགས་མ་ཐག་པའི་གྲུབ་འབྲས་གལ་ཆེན་ཞིག་ཀྱང་ཡིན་པས། ལོ་ཧྲིལ་པོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་ཡོང་བར་རྨང་གཞི་ལེགས་པོ་བཏིང་།

ཀྲུང་གོའི་བྱ་བ་ལེགས་པར་སྒྲུབ་པའི་གནད་འགག་ནི་ཏང་ལ་ཐུག་ཡོད། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”མངོན་འགྱུར་བྱེད་པའི་གནད་འགག་ནི་དངོས་སྒྲུབ་ལ་བརྟེན་དགོས།

ཟླ7པའི་ཚེས1ཉིན།  ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཡོངས་ལ“ཡིད་ཆེས་བརྟན་པོ་དང་མུ་མཐུད་འབད་འཐབ་བྱ་དགོས”ཞེས་པའི་འབོད་སྐུལ་གནང་།

དུས་ཚོད་ནི་འབད་འཐབ་པར་དབང་ལ།    ལོ་རྒྱུས་ནི་འབད་འཐབ་པར་དབང་།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག  ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཡིད་ཆེས་ཀྱིས་ཁེངས་ཤིང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་སྐྲུན་པ་དང་།  ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་བྱེད་པའི་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་དགོས། 


热门新闻

热门图库

热门排行