མཚོ་ལྷོ་ཁུལ་གྱིས་གཙང་གསུམ་འབྱུང་ཡུལ་གྱི་ལྗང་མདོག་སྐྱེ་ཁམས་ལ་སྲུང་སྐྱོང་བྱས་པ།
རང་ཚགས་པར་གྱི་འཕྲིན། མཚོ་ལྷོ་ཁུལ་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་དཀྱིལ་དབུས་དང་མཚོ་སྔོན་པོའི་ལྷོ་རྒྱུད་ཀྱི་སྐྱེ་ཁམས་འགག་རྩའི་མཚམས་སུ་ཆགས་ཡོད་པ་དང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གྱི་གནས་གལ་ཆེན་ཞིག་ཡིན་པར་མ་ཟད། རྒྱལ་ཁབ་ཀྱི་བྱང་གསུམ་བཟོ་སྐྲུན་འགག་སྒྲོལ་བྱ་བའི་གཙོ་གནད་ས་ཁོངས་ཤིག་ཀྱང་ཡིན་ལ། ཐན་པ་ཆེ་བ་དང་སྐྱེ་ཁམས་ཉམས་ཞན་ལ་དམིགས་ནས། ཁུལ་ཡོངས་ཀྱིས་སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པའི་འཐབ་ཇུས་ལ་གཞི་བཙུགས་ཏེ། ལོ་ངོ་བཅུ་ལྷག་གི་རིང་ལ་རི་ཆུ་ནགས་གསུམ་དང་། ཞིང་། མཚེའུ། རྩྭ་ཐང་། བྱེ་ཐང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་བཅོས་སྐྱོང་ལ་གཅིག་གྱུར་འཆར་འགོད་བྱས་ནས། མཐོ་སྒང་གི་སྐྱེ་ཁམས་ལྗང་སྒྱུར་ལ་གྲུབ་འབྲས་གསར་པ་བླངས།
གུང་ཧོ་རྫོང་ས་གྲུ་བཞིའི་བྱེ་འགོག་ལོ་རྒྱུས་འགྲེམ་སྟོན་ཁང་གི་སྣུམ་ཚོན་རི་མོ་རེ་རེས་ས་གྲུ་བཞི་ཤང་གི་བྱེ་ཐང་ལ་ལྗང་སྒྱུར་བྱས་པའི་སྐྱེ་ཁམས་འཕོ་འགྱུར་ཆེན་པོ་ཟིན་ཐོར་གསལ་བོ་བཀོད་ཡོད་ལ། དེ་ནི་མཚོ་ལྷོ་ཁུལ་གྱིས་ལོ་ངོ་བཅུ་ལྷག་གི་རིང་ལ་རྒྱུན་འཁྱོངས་ལྷོད་མེད་ངང་བྱེ་འགོག་བྱེ་བཅོས་དང་། སྐྱེ་ཁམས་ཉམས་གསོ་བྱས་པའི་མཚོན་རྟགས་ཤིག་ཀྱང་རེད།
མཚོ་སྔོན་ཞིང་ཆེན་གྱི་ས་རྒོད་ཅན་དང་བྱེ་ཐང་ཅན་དུ་གྱུར་བར་ལྟ་ཞིབ་ཚད་ལེན་བྱས་པའི་གྲུབ་འབྲས་ལ་གཞིགས་ན། མཚོ་ལྷོ་ཁུལ་དུ་ད་ལྟ་བྱེ་ཐང་དུ་གྱུར་བའི་ས་ཆའི་སྤྱིའི་རྒྱ་ཁྱོན་ལ་མུའུ་ཁྲི542.47ཟིན་པ་དང་། དེས་མཚོ་སྔོན་ཞིང་ཆེན་གྱི་བྱེ་ཐང་དུ་གྱུར་བའི་ས་ཆའི་སྤྱིའི་རྒྱ་ཁྱོན་གྱི3%དང་ཁུལ་ཡོངས་ཀྱི་རྒྱལ་ཁོངས་རྒྱ་ཁྱོན་གྱི8.3%ཟིན་ཡོད། བྱང་གསུམ་བཟོ་སྐྲུན་གྱི་འགག་སྒྲོལ་བྱ་བ་སྤེལ་བའི་ཚུན་ལ། མཚོ་ལྷོ་ཁུལ་གྱིས་སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པ་དང་ཞིང་ཕྱུགས་ལས་བརྟེན་ནས་ཁུལ་བརྟན་པོར་འཛུགས་པ། ནུས་རྒྱུ་གཙང་མར་བརྟེན་ནས་ཁུལ་སྟོབས་ཆེར་གཏོང་བ་བཅས་ཀྱི་འཕེལ་རྒྱས་འཐབ་ཇུས་བརྟན་པོར་བཙུགས་ཏེ། རི་ཆུ་ནགས་གསུམ་དང་ཞིང་། མཚེའུ། རྩྭ་ཐང་། བྱེ་ཐང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་ལྡན་པའི་བཅོས་སྐྱོང་བྱས་ནས། མཐོ་སྒང་གི་སྐྱེ་ཁམས་སྐྱོང་སྲུང་དང་སླར་གསོ་བྱ་བ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ་དང་། ས་ཁོངས་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་མཚམས་ཐིག་ཇེ་བརྟན་དུ་གཏོང་བ་བཅས་བྱས་ཏེ། ཁུལ་ཡོངས་སུ་བསྡོམས་པས་ས་མུའུ་ཁྲི2356.3ཀྱི་འགན་འཁྲི་ལེགས་འགྲུབ་བྱུང་བའི་ནང་བྱེ་འགྱུར་ས་ཞིང་ས་མུའུ་ཁྲི187.24དང་བྱེ་འགྱུར་མིན་པའི་ས་ཞིང་མུའུ་ཁྲི206.75། རི་རྒྱ་ནགས་གསོ་ས་མུའུ་ཁྲི137.86བཅས་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱས་པ་དང་། ས་མུའུ་ཁྲི1824.45ཡི་གྲུབ་འབྲས་སྲ་བརྟན་དུ་བཏང་།
མཐོ་སྒང་ས་ཁུལ་གྱི་བྱེ་འགྱུར་བཅོས་སྐྱོང་གི་བྱ་བ་དཀའ་ཚེགས་ཆེ་བ་དང་སྐྱེ་ཁམས་སླར་གསོའི་དུས་འཁོར་རིང་བའི་དངོས་ཡོད་དཀའ་གནད་ཀྱི་མདུན་དུ་རང་ཁུལ་གྱིས་ས་ཁོངས་ཡོངས་ཀྱི་འཕེལ་རྒྱས་བཀོད་སྒྲིག་ལ་གཞི་ཚུགས་པ་དང་། བྱང་གསུམ་བཟོ་སྐྲུན་གྱིས་མཐུན་རྐྱེན་བསྐྲུན་པ ཚན་རིག་དང་མཐུན་པའི་ཇུས་འདོན་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་གནད་འཁེལ་བཅས་མཐའ་འཁྱོངས་བྱས་ཏེ། བྱེ་འགྱུར་ས་ཁུལ་བཅོས་སྐྱོང་དང་རི་རྒྱ་ནགས་གསོ། སྐྱེ་ཁམས་གྲུབ་འབྲས་སྲ་བརྟན་སོགས་གཙོ་གནད་བྱ་བ་སོ་སོར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་། བཟོ་སྐྲུན་བྱེ་འགོག་དང་སྔོ་ཁེབས་སླར་གསོ། བཀག་སྡོམ་དོ་དམ་སྲུང་སྐྱོང་བཅས་ཐབས་མང་མཉམ་སྤྱོད་ཀྱི་བཅོས་སྐྱོང་བྱེད་སྟངས་བརྒྱུད་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་བྱ་བ་མུ་མཐུད་དུ་ཇེ་ལེགས་སུ་བཏང་ཞིང་། གུང་ཧོའི་གཤོང་ས་དང་ཀོས་ནན་མུ་གེ་ཐང་སོགས་གཙོ་གནད་བྱེ་ཁུལ་གྱི་བྱེ་འགོག་གཏན་འཇགས་ཡོང་བར་བྱས་ཏེ། ས་ཁོངས་ཀྱི་ཆུ་མགོ་སྲུང་སྐྱོང་བྱེད་ནུས་དང་སྐྱེ་ཁམས་ཀྱི་ནུས་པ་ཇེ་ལེགས་སུ་སོང་ཡོད། ཁུལ་ཡོངས་ཀྱི་ས་ཞིང་བྱེ་འགྱུར་རྒྱ་སྐྱེད་ཀྱི་རྣམ་པ་ཕྱོགས་ཡོངས་ནས་བཀག་འགོག་ཐུབ་ཡོད་ལ། ད་ལྟ་སྐྱེ་ཁམས་གཙོར་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དོན་འཁྱོལ་ལེགས་པོ་བྱས་ཏེ། སྔོ་ལྗང་གི་རི་བོ་དང་དྭངས་གཙང་གི་ཆུ་མོའི་སྐྱེ་ཁམས་ཀྱི་གྲུབ་འབྲས་ལ་བརྟེན་ནས་ཁུལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐྱེ་ཁམས་ཀྱི་རྨང་གཞི་བརྟན་པོ་བཏིངས།།