དོན་གྲུབ་ཀྱིས་ཀོས་ནན་རྫོང་དང་ཐུན་ཏེ་རྫོང་དུ་ཞོད་འགོག་གནོད་སེལ་བྱ་བར་ལྟ་སྐུལ་མཛུབ་སྟོན་གནང་བ།
རང་ཚགས་པར་གྱི་འཕྲིན། ཟླ8པའི་ཚེས1ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ཚབ་མ་དོན་གྲུབ་ཀྱིས་ཀོས་ནན་རྫོང་དང་ཐུན་ཏེ་རྫོང་དུ་ཞོད་འགོག་གནོད་སེལ་བྱ་བར་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དེ་མིན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་གཙོ་བོའི་མཆན་འགོད་མཛུབ་སྟོན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། མཐའ་ཚད་ཀྱི་བསམ་བློ་དང་ཚད་མཐའི་བསམ་བློ་བརྟན་པོར་བཙུགས་ནས་ཞོད་འགོག་དང་གནོད་སེལ་རྒུད་སྐྱོབ་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། བྱུར་རྐྱེན་ལ་གྲལ་བཤེར་བཅོས་སྐྱོང་དང་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་བྱ་རྒྱུར་ཤུགས་བསྣན་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱ་དགོས་ཞེས་ནན་གྱིས་བསྟན།
གཡང་འཁྱིལ་ཆུ་གློག་ས་ཚིགས་དང་རྐ་རྒན་ཆུ་མཛོད་དུ་དོན་གྲུབ་ཀྱིས་འཕྲུལ་ཚན་གྱི་འཁོར་སྐྱོད་གནས་ཚུལ་དང་ཞོད་འགོག་ཁ་གཏད་བྱ་བ། ཆུ་རགས་ཀྱི་བདེ་འཇགས་བཅས་ཀྱི་གནས་ཚུལ་ལ་ལྟ་ཞིབ་གནང་བ་དང་། ཆུ་མཛོད་དང་ཆུ་གློག་ས་ཚིགས་ནི་ཞོད་འགོག་གི་ཆེས་གལ་འགངས་ཆེ་བའི་གནས་ཡིན་པས། འགན་འཁྲི་དོན་འཁྱོལ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ། རགས་ཆེན་དང་འཁོར་ཁང་། འགྲམ་ངོས་བཅས་ཀྱི་སྒྲིག་བཀོད་ལ་སྐོར་ཞིབ་བྱེད་ཐེངས་ཇེ་མང་དུ་གཏོང་བ་དང་། ས་ཡོམ་རྗེས་ཀྱི་བྱུར་རྐྱེན་ལ་གྲལ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་འཁོར་སྐྱོད་བདེ་འཇགས་ཡོང་བར་ཁག་ཐེག་བྱ་དགོས་ཞེས་ནན་གྱིས་བསྟན།
ཀོས་ནན་རྫོང་ཐར་ཤུལ་ཤང་རྫ་རྒན་སྡེ་བའི་བྲག་འཕྲང་ལམ་གྱི་ཉེན་ཁ་ཡོད་པའི་གནས་དང་། སུམ་མདོ་གྲོང་བརྡལ་གྱིG227གྱི་ལས་གཞི་པུའུ། དེ་མིན་ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་བརྡལ་གྱི་གྲོང་བསྐོར་ལྷོ་ལམ་གྱི་ས་གཤིས་གནོད་ཐེབས་ཁུལ་བཅས་སུ་དོན་གྲུབ་ཀྱིས་ཡུལ་དངོས་སུ་བྱུར་རྐྱེན་བཅོས་སྐྱོང་བྱས་ཚུལ་ལ་ལྟ་ཞིབ་གནང་བ་དང་རྗེས་མའི་བཅོས་སྐྱོང་གི་འཆར་གཞི་ལ་ཉན་ཏེ། སྔོན་འགོག་གི་བྱ་བ་སྔོན་ལ་སྒྲུབ་པ་རྒྱུན་འཁྱོངས་བྱས་ཏེ། གཙོ་གནད་ས་ཁུལ་དང་མི་འདང་སར་རྒྱུན་མཐུད་ངང་གྲལ་བཤེར་བཅོས་སྐྱོང་བྱེད་པ་དང་། སྒོ་རྒྱག་པ་དང་ལས་མཚམས་འཇོག་པ། ཕྱིར་འཐེན་བྱེད་པ་དང་གནས་སྤོ་བྱེད་པ། སྐོར་ཞིབ་བྱེད་པ་སོགས་ཀྱི་བྱེད་ཐབས་དོན་འཁྱོལ་ནན་མོ་བྱས་ཏེ་ཨར་ལས་ཀྱི་བདེ་འཇགས་དང་མི་སྣའི་བདེ་འཇགས་ལ་འགན་ལེན་བྱ་དགོས། མ་ལག་གི་བཅོས་སྐྱོང་གཙོར་བཟུང་སྟེ་ལས་གཞིའི་བཅོས་སྐྱོང་དང་སྤྱི་ཡོངས་གནས་སྤོ། གཞུང་ལམ་ལེགས་བསྒྱུར་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་ས་གཤིས་གནོད་འཚེའི་བྱུར་རྐྱེན་ལ་བཅོས་སྐྱོང་ལེགས་པོ་བྱ་དགོས་ཞེས་ནན་གྱིས་བསྟན།
ཐུན་ཏེ་རྫོང་འཕྲལ་བསྟུན་བཀོད་འདོམས་ལྟེ་གནས་སུ་དོན་གྲུབ་ཀྱིས་རྫོང་ཁག་སོ་སོ་དང་དེ་མིན་ཐུན་ཏེ་རྫོང་གི་ཤང་གྲོང་ཁག་གི་ཞོད་འགོག་འཕྲལ་བསྟུན་དང་ལས་རེས་ལས་སྒྲུབ་ཀྱི་གནས་ཚུལ་བཀོད་གཏོང་བྱས་ཏེ། ཏང་སྲིད་འགན་མཉམ་དང་གནས་གཅིག་འགན་གཉིས། མགོ་ཁྲིད་ལས་བྱེད་པ་གཞི་རིམ་དུ་སོང་ནས་འགན་ལེན་བྱེད་པའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་པ་དང་། འཕྲལ་བསྟུན་དང་ལེན་གྱི་བཀོད་སྒྲིག་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། གནས་སྤོ་བྱ་དགོས་པ་དང་སྒོ་རྒྱག་དགོས་པ། ལས་མཚམས་འཇོག་དགོས་པ་དག་དུས་ཐོག་ཏུ་ལེགས་པོར་སྒྲུབ་ནས། ཕན་ནུས་ཆེ་བའི་སྒོ་ནས་དྲག་ཆར་གྱི་ཉེན་ཁའི་གནས་ཚུལ་ལ་ཁ་གཏད་དགོས། ཆུ་ཚོད24རིང་ལ་མགོ་ཁྲིད་ཀྱིས་ལས་རེས་ལ་སྣེ་ཁྲིད་བྱེད་པ་དང་ཆེད་མིས་ལས་རེས་བྱེད་པའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ། སྙན་སེང་ཞུ་འགྱངས་དང་ཆད་ཞུ། གསང་ཞུ་བཅས་ཀྱི་རིགས་མཐའ་གཅིག་ཏུ་གཏན་འགོག་་བྱས་ནས་ཆ་འཕྲིན་ཤར་གཏོང་ཐུབ་པ་དང་ཐག་གཅོད་ལེགས་པོ་ཡོང་བར་འགན་ལེན་བྱ་དགོས། འགན་འཁྲི་དོན་འཁྱོལ་མི་བྱེད་པ་དང་བྱེད་ཐབས་གནད་ལ་མ་འཁེལ་བའི་རྐྱེན་གྱིས་མཇུག་འབྲས་ཚབས་ཆེན་བཟོས་ཚེ་འགན་འཁྲི་བདའ་འདེད་དང་འགན་འཁྲི་རྩད་གཅོད་ནན་མོ་བྱ་དགོས་ཞེས་ནན་གྱིས་བསྟན།
འབའ་ལུང་ཤང་དཀར་མོ་ཆེ་གོང་མ་སྡེ་བར་དོན་གྲུབ་ཀྱིས་མང་ཚོགས་ཀྱི་ཁང་པར་གནོད་སྐྱོན་ཐེབས་པའི་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་། གནོད་སྐྱོན་ཐེབས་པའི་ཁང་པར་དུས་ཐོག་ཏུ་བདེ་འཇགས་གསལ་འབྱེད་དང་རིགས་དབྱེ་ཐོ་འགོད་དོ་དམ་བྱ་རྒྱུར་དམ་འཛིན་ཏེ། མང་ཚོགས་ཀྱི་གནས་སྐབས་སྡོད་གནས་ཆ་རྐྱེན་ལ་འགན་ལེན་བྱེད་པ་དང་ཚན་རིག་དང་མཐུན་པའི་ཁང་པ་ཞིག་གསོའི་ཇུས་གཞི་བཟོ་བ། བྱུར་རྐྱེན་སེལ་ནས་མང་ཚོགས་ཀྱི་སྡོད་ཁང་བདེ་འཇགས་ལ་འགན་ལེན་བྱ་དགོས་ཞེས་ནན་གྱིས་བསྟན།
རྟོག་ཞིབ་སྐབས་སུ། དོན་གྲུབ་ད་དུང་འབའ་ལུང་ཤང་སྲིད་གཞུང་གི་གཞུང་སྒྲུབ་ཁང་དུ་སོང་སྟེ། གཞུང་སྒྲུབ་ཁང་བསྐྱར་སྐྲུན་གྱི་འཕེལ་རིམ་དང་བར་བརྒལ་དུས་སྐབས་ཀྱི་གཞུང་སྒྲུབ་ཁང་གི་འཁོར་སྐྱོད། ཞོད་འགོག་འཕྲལ་བསྟུན་དང་བདེ་འཇགས་འགན་སྲུང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་།