གནད་བསྡུས། 详情

《མཚོ་སྔོན་ཞིང་ཆེན་གྱི་ས་ཞིང་དོ་དམ་སྲོལ་ཡིག》ཟླ8པའི་ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་པ།

《མཚོ་སྔོན་ཞིང་ཆེན་གྱི་ས་ཞིང་དོ་དམ་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)དེ་མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གཉིས་པའི་སྟེང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཟླ8པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། 《སྲོལ་ཡིག》ལག་བསྟར་བྱས་པ་དེས་ཞིང་ཆེན་ཡོངས་ཀྱི་ས་ཞིང་དོ་དམ་ལ་ཤུགས་སྣོན་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་རྒྱུར་རམ་འདེགས་བྱེད་པ། ཐོན་ལས་ཀྱི་གནས་བཞི་བསྐྲུན་རྒྱུར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་རྒྱུ་རེད།

《སྲོལ་ཡིག》ལ་ཁྱོན་བསྡོམས་ལེའུ་བརྒྱད་དང་དོན་ཚན་ང་བརྒྱད་ཡོད་ཅིང་། དེའི་ནང་རྒྱལ་ཁབ་མངའ་ཁོངས་བར་སྟོང་འཆར་འགོད་དོ་དམ་ཚོད་འཛིན་དང་། རྨོ་ཞིང་སྲུང་སྐྱོང་། ས་ཞིང་བསྡུ་ལེན་དང་འཛུགས་སྐྲུན་བྱེད་ས་མཁོ་སྤྲོད། ས་ཞིང་གྲོན་ཆུང་དང་ལེགས་བསྡུས་སྒོས་སྤྱོད་པ། ས་ཞིང་ལྟ་སྐུལ་དོ་དམ་དང་ཁྲིམས་འཛིན་སོགས་ཀྱི་ཐད་ནས་རྒྱུད་རིམ་ལྡན་པའི་གཏན་འབེབས་བྱས་ཡོད། 《སྲོལ་ཡིག》གིས་རྒྱལ་ཁབ་ཀྱི་འཆར་འགོད་མང་པོ་གཅིག་གྱུར་གྱི་བཅོས་སྒྱུར་བླང་བྱ་དོན་འཁྱོལ་བྱས་ཏེ། གཅིག་གྱུར་གྱི་འཆར་འགོད་དོ་དམ་མ་ལག་བཙུགས་པ་དང་། འོག་རིམ་གྱིས་གོང་རིམ་ལ་བརྩི་སྲུང་དང་། ཆེད་དོན་དང་ཞིབ་ཕྲའི་འཆར་འགོད་ཀྱིས་སྤྱི་ཡོངས་འཆར་འགོད་ལ་བརྩི་སྲུང་བྱེད་པའི་ལམ་ལུགས་གསལ་བོ་བྱས་ཤིང་། ཞིང་ཆེན་དང་གྲོང་ཁྱེར(ཁུལ)། རྫོང་། གྲོང་བརྡལ་བཅས་རིམ་པ་བཞིའི་འཆར་འགོད་ཆོག་མཆན་གྱི་གོ་རིམ་ཞིབ་ཕྲ་ཅན་དུ་བཏང་བ་དང་། མཁར་གྲོང་གསར་སྤེལ་ཚད་གཞིའི་ནང་ཁུལ་གྱི་ཞིབ་ཕྲའི་འཆར་འགོད་དང་གྲོང་གསེབ་ཀྱི་དངོས་ཕན་རང་བཞིན་གྱི་སྡེ་བའི་འཆར་འགོད་བཟོ་རྒྱུ་དབྱེ་འབྱེད་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བེད་སྤྱོད་དོ་དམ་ཚོད་འཛིན་ཁྱོན་ཡོངས་ལ་ཁེབས་པར་བྱས་ཡོད།《སྲོལ་ཡིག》ནང་ས་ཞིང་བསྡུ་ལེན་གྱི་བརྒྱུད་རིམ་ཧྲིལ་པོ་ཚད་ལྡན་ཅན་དང་ཁྲིམས་བཀོད་ཅན་དུ་བཟོས་ཡོད་པ་དང་། སྔོན་བརྡ་སྤྱི་བསྒྲགས་དང་། མིག་སྔའི་གནས་བབ་རྟོག་ཞིབ། སྤྱི་ཚོགས་ཀྱི་ཉེན་ཁ་དཔྱད་དཔོག ཁ་གསབ་བཀོད་སྒྲིག་ཇུས་གཞིའི་ཉན་ཞིབ་ཚོགས་འདུ། ཁ་གསབ་ཐོ་འགོད། གྲོས་མཐུན་གན་རྒྱ་འཇོག་པ་སོགས་ཀྱི་གོ་རིམ་དུས་བཀག་དང་ཡོངས་བསྒྲགས་བླང་བྱ་གསལ་བོ་བྱས། མཚོ་སྔོན་གྱི་ཁྱད་ལྡན་ཐོན་ལས་ལ་དམིགས་ནས་སྐྱེ་ཁམས་དམར་ཐིག་གི་ཕྱི་རོལ་གྱི་བྱེ་ས་དང་ས་རྒོད་རྣམས་ནུས་རྒྱུ་གཙང་མ་དང་ཚྭ་མཚེའུ་ཐོན་ལས་ཀྱི་ཤུགས་རྐྱེན་ཆུང་བའི་གསར་སྤེལ་ཐད་སྤྱོད་རྒྱུ་གཏན་འབེབས་བྱས། དུས་མཚུངས་སུ། རོང་འབྲོག་ཁུལ་གྱི་ཁང་སའི་ཚད་གཞི་གསལ་བོ་བཟོས་ནས་ཁྱིམ་ཚང་ཀུན་ལ་སྡོད་གནས་ཡོད་པའི་བཅའ་ཁྲིམས་ཀྱི་འགན་སྲུང་དོན་འཁྱོལ་བྱས། ས་ཞིང་གྲོན་ཆུང་དང་ལེགས་བསྡུས་སྒོས་བེད་སྤྱོད་བྱ་རྒྱུའི་ཐད་ནས 《སྲོལ་ཡིག》ནང་ས་སྟེང་དང་ས་འོག་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་གསར་སྤེལ་བྱེད་པར་སྐུལ་སློང་དང་། གནས་སྐབས་ཀྱི་ས་ཆ་བེད་སྤྱོད་བྱེད་པར་དོ་དམ་ནན་མོ་བྱས་ཏེ། གནས་སྐབས་ཀྱིས་གཏན་འཇགས་ཀྱི་ཚབ་བྱེད་པའི་བྱེད་སྟངས་གཏན་འགོག་བྱེད་པ། རྫོང་རིམ་པ་ཡན་གྱི་སྲིད་གཞུང་གིས་རྒྱལ་ཁབ་མངའ་ཁོངས་བར་སྟོང་འཆར་འགོད་ནང་སྟབས་བསྟུན་གྱི་འཛུགས་སྐྲུན་སྤྱོད་སའི་དམིགས་ཚད་སོར་འཇོག་བྱས་ཏེ། ཆེད་དུ་གྲོང་གསེབ་ཐོན་ལས་དང་སྤྱི་པའི་སྒྲིག་བཀོད། སྤྱི་ཕན་ལས་དོན་བཅས་འཛུགས་སྐྲུན་བྱེད་པར་སྤྱད་ནས། གྲོང་གསེབ་འཕེལ་རྒྱས་སུ་གཏོང་བར་ས་ཞིང་མེད་པའི་དཀའ་གནད་ཐག་བཅད་ཡོད།


热门新闻

热门图库

热门排行