སྒྲོན་བརྙན། 详情

ལི་ཆང་གིས་ཧོ་པེ་ཐང་ཧྲན་དུ་རྟོག་ཞིབ་དང་འཚམས་འདྲི་གནང་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ལྟར། ཐང་ཧྲན་གྱི་ཡོམ་འགོག་རྒུད་སྐྱོབ་དང་ཐང་ཧྲན་གསར་པ་བསྐྲུན་ནས་ལོ་འཁོར50ལོན་པའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཟླ7པའི་ཚེས28ཉིན་ཧོ་པེ་ཞིང་ཆེན་ཐང་ཧྲན་གྲོང་ཁྱེར་དུ་ཕེབས་ནས་རྟོག་ཞིབ་དང་འཚམས་འདྲི་གནང་། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གནོད་འགོག་གནོད་འཕྲི་དང་རྒུད་སྐྱོབ་བྱ་བ་ཡག་པོ་སྒྲུབ་པ་དང་ཡོམ་འགོག་རྒུད་སྐྱོབ་ཀྱི་རླབས་ཆེན་སྙིང་སྟོབས་དར་སྤེལ་གཏོང་རྒྱུའི་སྐོར་གྱི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མཐོ་བ་མཐའ་འཁྱོངས་བྱེད་དགོས་ལ། ཚད་མཐའི་བསམ་གཞིགས་དང་མཐར་ཐུག་གི་བསམ་གཞིགས་བརྟན་པོ་བཙུགས་ནས། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ། འཕྲལ་བསྟུན་ཐག་གཅོད། ཉེན་སེལ་རོགས་སྐྱོབ། གནོད་ཤུལ་བསྐྱར་སྐྲུན་སོགས་ཀྱི་རྐྱེན་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་དགོས་པ་དང་། གནོད་འགོག་གནོད་འཕྲི་དང་རྒུད་སྐྱོབ་ནུས་པ་རྒྱུན་མཐུད་ངང་ཆེ་རུ་བཏང་སྟེ།  མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དོན་དམ་དུ་འགན་སྲུང་བྱེད་དགོས།

ཟླ7པའི་ཚེས28ཉིན།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཟླ7པའི་ཚེས28ཉིན་ཧོ་པེ་ཞིང་ཆེན་ཐང་ཧྲན་གྲོང་ཁྱེར་དུ་ཕེབས་ནས་རྟོག་ཞིབ་དང་འཚམས་འདྲི་གནང་། པར་འདི་ནི་ལི་ཆང་ཐང་ཧྲན་ས་ཡོམ་རྗེས་ཤུལ་གྱི་དྲན་གསོའི་སྤྱི་གླིང་དུ་ཕེབས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མིང་ཐོག་ནས་ཐང་ཧྲན་ས་ཡོམ་ཆེན་པོའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་དང་ཡོམ་འགོག་རྒུད་སྐྱོབ་ཁྲོད་རང་སྲོག་བློས་བཏང་བའི་དཔའ་བོར་མེ་ཏོག་གི་ཕྲེང་བ་ཕུལ་བའི་ཚུལ་རེད།

ལི་ཆང་དང་ཐོག་ཐང་ཧྲན་ས་ཡོམ་རྗེས་ཤུལ་གྱི་དྲན་གསོའི་སྤྱི་གླིང་དུ་ཕེབས་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མིང་ཐོག་ནས་ཐང་ཧྲན་ས་ཡོམ་ཆེན་པོའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་དང་ཡོམ་འགོག་རྒུད་སྐྱོབ་ཁྲོད་རང་སྲོག་བློས་བཏང་བའི་དཔའ་བོར་མེ་ཏོག་གི་ཕྲེང་བ་ཕུལ་བ་མ་ཟད་དྲན་གསོའི་གྱང་ལ་གུས་འདུད་ཐེངས་གསུམ་ཞུས། ལི་ཆང་གིས་གསུང་རྒྱུར། ལོ50ཡི་སྔོན་གྱི་གནོད་འཚེ་དེ་མི་རྣམས་ཀྱིས་བརྗེད་དཀའ་ཞིང་། ལོ་དེའི་དགའ་སྐྱོ་གཉིས་ལྡན་གྱི་ཡོམ་འགོག་རྒུད་སྐྱོབ་ཀྱི་རྣམ་པས་མི་སེམས་རབ་ཏུ་འགུལ་བར་བྱེད། དུས་རབས་ཕྱེད་ཀའི་རིང་། ཐང་ཧྲན་མི་དམངས་ཀྱིས་ཞིག་རོའི་ཐོག་དེང་རབས་ཅན་གྱི་གསར་དར་གྲོང་ཁྱེར་ཞིག་བསྐྱར་སྐྲུན་བྱས་པ་དེ་ནི་ང་ཚོའི་ཏང་གིས་མི་དམངས་ཀྱི་མགོ་ཁྲིད་དེ་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་བའི་གསོན་ཉམས་དོད་པའི་དཔེ་མཚོན་རེད། འཐབ་ལམ་གསར་བར་བསྐྱོད་དེ།  ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐང་ཧྲན་དུ་རྟོག་ཞིབ་གནང་སྐབས་ཀྱི་མངགས་བཅོལ་ཟབ་མོ་ཡིད་ལ་བརྟན་པོར་བཟུང་ནས། གནོད་འཚེ་འགོག་པ་དང་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་པའི་ཁྲོད་གོང་བུ་གཅིག་ཏུ་འགྲིལ་བའི་བསམ་པའི་སྟོབས་ཤུགས་ཆེན་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་ལ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་ཀྱི་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ལ་དམིགས་ནས། པེ་ཅིན་དང་ཐེན་ཅིན། ཧོ་པེ་གསུམ་གྱི་མཐུན་སྦྱོར་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱ་དགོས་ཤིང་། ཁྱད་ཆོས་ལྡན་པའི་དགེ་མཚན་འདོན་སྤེལ་གང་ལེགས་དང་བཅོས་བསྒྱུར་སྒོ་འབྱེད་ཟབ་སྤེལ་བྱེད་པ། གསར་གཏོད་སྒུལ་ཤུགས་མཐའ་འཁྱོངས་བཅས་བྱ་དགོས་ལ། དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་འགན་སྲུང་སོགས་ཀྱི་བྱ་བ་སོ་སོ་ཏན་ཏིག་ངང་ལེགས་པར་སྒྲུབ་སྟེ། དཔའ་བོའི་གྲོང་ཁྱེར་འདི་སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས།

ཟླ7པའི་ཚེས28ཉིན།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཟླ7པའི་ཚེས28ཉིན་ཧོ་པེ་ཞིང་ཆེན་ཐང་ཧྲན་གྲོང་ཁྱེར་དུ་ཕེབས་ནས་རྟོག་ཞིབ་དང་འཚམས་འདྲི་གནང་། པར་འདི་ནི་ཐང་ཧྲན་གྲོང་ཁྱེར་གྱི་ལུས་སྨད་ཞ་བའི་ལུས་གསོ་ཁང་དུ་ལི་ཆང་གིས་ས་ཡོམ་ཁྲོད་ལུས་སྨད་ཞ་བའི་རྨས་མར་ཁམས་འདྲི་དང་འཚམས་འདྲི་གནང་བ་མ་ཟད་ཁོང་ཚོར་བྱམས་བརྩེའི་ངང་བརྗེ་རེས་གནང་།

ཐང་ཧྲན་གྲོང་ཁྱེར་གྱི་ལུས་སྨད་ཞ་བའི་ལུས་གསོ་ཁང་དུ། ལི་ཆང་གིས་ཉེ་བའི་ལོ་ཤས་རིང་གི་ལུས་གསོ་ཁང་གི་འཕེལ་རྒྱས་གནས་ཚུལ་གྱི་སྙན་ཞུར་གསན་ནས།  ས་ཡོམ་ཁྲོད་ལུས་སྨད་ཞ་བའི་རྨས་མར་ཁམས་འདྲི་དང་འཚམས་འདྲི་གནང་བ་མ་ཟད་ཁོང་ཚོར་བྱམས་བརྩེའི་ངང་བརྗེ་རེས་གནང་། ཁོང་གིས་གསུང་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་མར་ཐུགས་ཁུར་ཆེན་པོ་གནང་གི་ཡོད་ལ། ཚང་མའི་གཟུགས་པོ་དང་འཚོ་བའི་གནས་ཚུལ་ལ་ཡང་རྟག་ཏུ་ཐུགས་ཁུར་གནང་བཞིན་ཡོད་པས། ད་ཐེངས་ང་རང་ཆེད་དུ་ཁྱེད་ཚོར་ལྟ་བར་མངགས་པ་རེད། དེ་རིང་ཚང་མའི་རྣམ་པ་ཧ་ཅང་བཟང་བ་མཐོང་ནས། ངའི་སེམས་ཡང་ཧ་ཅང་བདེ་བྱུང་། ཚང་མས་མངོན་པའི་དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་དང་འཚོ་བའི་རྣམ་འགྱུར་ལེགས་པོ་དེ་བས་གུས་བཀུར་ཞུ་འོས་པ་ཞིག་རེད། ཚང་མ་བདེ་ཐང་བདེ་སྐྱིད་དང་ཇེ་སྐྱིད་ཡིན་པའི་སྨོན་འདུན་ཞུ། ལི་ཆང་གིས་འབྲེལ་ཡོད་ཕྱོགས་ལ་སྨན་བཅོས་ཁམས་གསོ་དང་རྒྱུན་གཏན་ལྟ་སྐྱོང་སོགས་ཀྱི་ཞབས་ཞུ་མུ་མཐུད་དུ་འཐུས་སྒོ་ཚང་དུ་བཏང་ནས། ཚན་རྩལ་གསར་གཏོད་ཀྱི་ཉེར་སྤྱོད་ལ་ཤུགས་སྣོན་དང་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་འགན་སྲུང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པའི་མངག་བཅོལ་གནང་། ལི་ཆང་གིས་སྨན་བཅོས་མི་སྣའི་དཀའ་སྤྱད་འབད་བརྩོན་ལ་ཐུགས་རྗེ་ཆེ་ཞུས་ཏེ། ཁོ་ཚོར་སྨན་པའི་བྱམས་སེམས་བཅངས་ནས། ཆེད་ལས་ཞིབ་ཚགས་ཀྱི་ཞབས་ཞུས་རྨས་སྐྱོན་ཕོག་པའི་མི་སྣར་དྲོ་སྐྱིད་དེ་བས་མང་བ་སྦྱིན་དགོས་པའི་ལྕག་སྐུལ་གནང་།

ལི་ཆང་ཨན་ནེང་སྡེ་ཚོགས་བཟོ་སྐྲུན་ཅུས་དང་པོ་ཐང་ཧྲན་ཡན་ལག་ཀུང་སིའི་འབྲེལ་ཡོད་རོགས་སྐྱོབ་རྟེན་གཞིར་ཕེབས་ནས། རྟེན་གཞིའི་རོགས་སྐྱོབ་ལས་འགན་འཁུར་ཚུལ་དང་མ་འོངས་པའི་འཕེལ་རྒྱས་འཆར་འགོད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་ལ། སྒྲིག་ཆས་སྣ་ཚོགས་ལ་གཟིགས་ཞིབ་དང་རོགས་སྐྱོབ་མི་སྣར་བརྗེ་རེས་གནང་། ལི་ཆང་གིས་བསྟན་དོན།  གནོད་འགོག་གནོད་འཕྲི་དང་རྒུད་སྐྱོབ་བྱ་བ་དེ་མི་དམངས་ཀྱི་བདེ་སྡུག་དང་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད། འཕྲལ་བསྟུན་རོགས་སྐྱོབ་ཀྱི་རྩ་བ་དེ་དུས་དང་རྣམ་པ་ཀུན་ཏུ་དམ་པོར་འཛིན་དགོས་ལ། རྒྱུན་རྣམ་ཅན་གྱི་སྒོ་ནས་དངོས་འཐབ་སྦྱོང་བརྡར་དང་མཉམ་འབྲེལ་འཁྲབ་སྦྱོང་བྱས་ཏེ། མགྱོགས་མྱུར་དང་ལེན་དང་ཚན་རིག་དང་མཐུན་པའི་སྐྱོབ་རོགས། ནུས་མཐོའི་ཐག་གཅོད་བཅས་ཀྱི་ཆེད་ལས་ནུས་པ་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། འཕྲལ་བསྟུན་ཁྱབ་ཁོངས་ཀྱི་སྒྲིག་ཆས་ལག་རྩལ་གྱི་འདེགས་སྐྱོར་ལ་ཤུགས་བསྣན་ནས། ཚན་རྩལ་ནུས་སྩོལ་གྱིས་རོགས་སྐྱོབ་ཀྱི་གནད་འཁེལ་ཚད་དང་བདེ་འཇགས་རང་བཞིན་ཆེ་རུ་གཏོང་དགོས། ཚན་རྩལ་ཁྱབ་གདལ་དྲིལ་སྒྲོག་ཤུགས་ཆེན་བྱས་ནས། དམངས་ཡོངས་ཀྱི་གནོད་འགོག་ཉེན་གཡོལ་གྱི་འདུ་ཤེས་དང་ནུས་པ་ཆེ་རུ་གཏོང་དགོས།

ལི་ཆང་གིས་ནན་གྱིས་བསྟན་དོན།  མིག་སྔར་བདུན་པའི་ཟླ་མཇུག་དང་བརྒྱད་པའི་ཟླ་འགོའི་འབྲུབ་འགོག་གི་འགག་རྩའི་དུས་སུ་གནས་ཡོད་པས། འགན་འཁྲི་ཁྱོན་ཡོངས་ནས་ནན་དུ་གཏོང་དགོས་ལ། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་ཤུགས་ཆེ་རུ་གཏོང་བ། དངོས་ཟོག་གི་སྒྲིག་ཆས་འདང་ངེས་གྲ་སྒྲིག་བྱེད་པ་བཅས་བྱས་ཏེ། གནོད་འཚེ་ཐོན་སྐབས་འཕྲལ་མར་དང་ལེན་དང་ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་གདོང་གཏོད་དགོས།

ཝུའུ་ཀྲེང་ལུང་གིས་ཕེབས་རོགས་གནང་། །

热门新闻

热门图库

热门排行