གནད་བསྡུས། 详情

ཞི་ཅིན་ཕིང་གིས་ཕྱི་སྡོད་རང་མིའི་བྱ་བའི་ཐད་མཛུབ་སྟོན་གལ་ཆེན་གནང་བ།

2026-07-30 09:52:35 来源: 作者: 编辑:བུ་མོ་མཆོག

ཞི་ཅིན་ཕིང་གིས་ཕྱི་སྡོད་རང་མིའི་བྱ་བའི་ཐད་མཛུབ་སྟོན་གལ་ཆེན་གནང་ནས་ནན་གྱིས་བསྟན་དོན།ཕྱི་སྡོད་རང་མིའི་སེམས་ཤུགས་སྔར་ལས་བཟང་པོའི་སྒོ་ནས་གཅིག་ཏུ་བསྒྲིལ་ཏེ་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཚོས་མཐུན་སྒྲིལ་འབད་འཐབ་བྱེད་པར་ཡར་སྐུལ་བྱེད་དགོས།

ཝང་ཧུའུ་ཉིང་རྒྱལ་ཡོངས་ཕྱི་སྡོད་རང་མིའི་བྱ་བའི་གྲོས་ཚོགས་སུ་ཞུགས་ཤིང་གཏམ་བཤད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་ཕྱི་སྡོད་རང་མིའི་བྱ་བའི་ཐད་མཛུབ་སྟོན་གལ་ཆེན་གནང་ནས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ཕྱི་སྡོད་རང་མིའི་བྱ་བའི་འཐབ་ཕྱོགས་ཀྱིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ནན་ཏན་གྱིས་དངོས་འབེབས་བྱེད་པ་དང་། རྒྱ་ཆེའི་ཕྱི་སྡོད་སྤུན་ཟླ་དང་ཕྱིར་ལོག་རང་མིའི་ཁྱིམ་མི་བཅས་ལ་མཐུན་སྒྲིལ་བྱེད་པར་སྐུལ་སློང་བྱེད་པ། རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་དང་དར་སྤེལ། ཀྲུང་གོ་དང་ཕྱི་རྒྱལ་བར་གྱི་བརྗེ་རེས་མཉམ་ལས་སྤེལ་བ་སོགས་ཀྱི་ཕྱོགས་ལ་དགེ་མཚན་ལྡན་པའི་བྱས་རྗེས་བཞག་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འཐབ་ལམ་གསར་པའི་སྟེང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི་ཕྱི་སྡོད་རང་མིའི་བྱ་བའི་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་སྤྱི་ཡོངས་ལ་དམ་པོར་དམིགས་པ། ཕྱི་སྡོད་རང་མིའི་སེམས་པ་དང་ཕྱི་སྡོད་རང་མིའི་སྟོབས་ཤུགས་སྔར་ལས་བཟང་པོའི་སྒོ་ནས་གཅིག་ཏུ་བསྒྲིལ་ཏེ་རྒྱ་ཆེའི་ཕྱིར་སྡོད་སྤུན་ཟླ་དང་ཕྱིར་ལོག་རང་མིའི་ཁྱིམ་མིར་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་ཁྱིམ་ཚང་རྒྱལ་ཁབ་ཀྱི་བརྩེ་སེམས་གཏིང་ཟབ་ཡོང་བར་ཁྲིད་སྟོན་བྱེད་པ། ཐུན་མོང་མ་ཡིན་པའི་ལེགས་ཆ་འདོན་སྤེལ་དང་སྔར་ལས་ཆེ་བའི་བྱས་རྗེས་མངོན་པར་འཇོག་པ། མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་པོར་ཧུར་ཐག་གིས་ཞབས་འདེགས་ཞུ་བ། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཚོས་མཐུན་སྒྲིལ་འབད་འཐབ་བྱེད་པར་ཡར་སྐུལ་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་སྟོབས་ཤུགས་ཆེན་པོ་མཉམ་སྒྲིལ་བྱེད་དགོས།

རྒྱལ་ཡོངས་ཕྱི་སྡོད་རང་མིའི་བྱ་བའི་གྲོས་ཚོགས་དེ་ཟླ7པའི་ཚེས27ཉིན་ནས་ཚེས28ཉིན་བར་པེ་ཅིན་དུ་འཚོགས། ཚོགས་ཐོག་ཏུ་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་སྒྲོག་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གྲོས་ཚོགས་སུ་ཞུགས་ཤིང་གསུང་བཤད་ཀྱང་གནང་།

ཝང་ཧུའུ་ཉིང་གི་གསུང་བཤད་ནང་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱི་སྡོད་རང་མིའི་བྱ་བར་ཚད་མཐོན་པོས་མཐོང་ཆེན་གནང་ནས། ཉེ་ཆར་ཆེད་དམིགས་མཛུབ་སྟོན་གལ་ཆེན་གནང་བ་དང་། རྒྱ་ཆེའི་ཕྱི་སྡོད་སྤུན་ཟླ་དང་ཕྱིར་ལོག་རང་མི་དང་ཕྱི་སྡོད་རང་མིའི་ཁྱིམ་མི་བཅས་ཀྱིས་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་དང་དར་སྤེལ། ཀྲུང་ཕྱི་བར་གྱི་བརྗེ་རེས་མཉམ་ལས་སྤེལ་བ་སོགས་ཀྱི་ཕྱོགས་ལ་བཞག་པའི་དགེ་མཚན་ལྡན་པའི་བྱས་རྗེས་དེར་གདེང་འཇོག་མཐོན་པོ་གནང་ཞིང་། ཕྱི་སྡོད་རང་མིའི་སེམས་ཤུགས་གཅིག་ཏུ་སྒྲིལ་བ་དང་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཚོས་མཐུན་སྒྲིལ་འབད་འཐབ་བྱེད་པར་སྐུལ་བའི་ཐད་ལས་འགན་གྱི་བླང་བྱ་བཏོན་ནས། དུས་རབས་གསར་པ་དང་འཐབ་ལམ་གསར་པའི་ཕྱི་སྡོད་རང་མིའི་ལས་དོན་ཡག་པོ་སྒྲུབ་པར་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པ་དང་བསྲུང་བྱ་གལ་ཆེན་མཁོ་འདོན་བྱས་ཡོད། ང་ཚོས་ནན་ཏན་གྱིས་དེ་ལ་སློབ་སྦྱོང་དང་གོ་བ་བླངས་ནས། ལག་བསྟར་དོན་འཁྱོལ་ཡོང་བར་དམ་འཛིན་ཡག་པོ་བྱེད་དགོས།

ཝང་ཧུའུ་ཉིང་གིས་བཤད་རྒྱུར། ཕྱི་སྡོད་རང་མིའི་བྱ་བ་ནི་ཏང་དང་རྒྱལ་ཁབ་ཀྱི་ཡུན་རིང་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་བྱ་བ་ཞིག་རེད། དུས་རབས་གསར་པ་ནས་བཟུང་། ཕྱི་སྡོད་རང་མིའི་བྱ་བར་ཁྱོན་ཡོངས་ནས་ཤུགས་སྣོན་པ་དང་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་ཞབས་འདེགས་ནུས་ལྡན་ཞུས་ཡོད།

འཐབ་ལམ་གསར་པའི་སྟེང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བ་ཡག་པོ་བསྒྲུབ་པའི་སྐོར་གྱི་དགོངས་པ་གལ་ཆེན་དང་ཕྱི་སྡོད་རང་མིའི་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་ཐོག་གི་ཕྱི་སྡོད་རང་མིའི་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་རྒྱུའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ། སེམས་ཤུགས་གཅིག་སྒྲིལ་དང་ཐུན་མོང་མཉམ་སྤྱོད་ཀྱི་ཀྲུང་གོའི་ཕུགས་འདུན་ཀྱི་བརྗོད་བྱ་གཙོ་བོ་རྒྱུན་འཁྱོངས་བྱེད་པ། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་ཕྱི་སྡོད་རང་མིའི་ལས་དོན་ལ་ཞབས་འདེགས་ཞུ་བ་ཕན་ཚུན་གཅིག་གྱུར་ཡོང་བ། རྒྱལ་ནང་གི་ཕྱི་སྡོད་རང་མིའི་བྱ་བ་དང་ཕྱི་རྒྱལ་གྱི་ཕྱི་སྡོད་རང་མིའི་བྱ་བ་ཕན་ཚུན་མཐུན་སྦྱོར་བྱེད་པ། ཐོན་ཁུངས་གསོ་སྐྱོང་དང་ནུས་པ་འདོན་སྤེལ་ཕན་ཚུན་གཅིག་གྱུར་འཆར་འགོད་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ནས། དུས་རབས་གསར་པའི་ཕྱི་སྡོད་རང་མིའི་བྱ་བ་སྤུས་ཚད་མཐོན་པོའི་སྒོ་ནས་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་དགོས། རྒྱ་ཆེའི་ཕྱི་སྡོད་སྤུན་ཟླ་དང་ཕྱིར་ལོག་རང་མི་དང་ཕྱི་སྡོད་རང་མིའི་ཁྱིམ་མི་རྣམས་སྔར་ལས་བཟང་བའི་སྒོ་ནས་མཐུན་སྒྲིལ་དམ་ཟབ་ཡོང་བར་བྱས་ཏེ། ཁོ་ཚོས་མེས་རྒྱལ་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་དེའི་ནང་ཞུགས་པ། ཀྲུང་ཧྭའི་རིག་གནས་དར་སྤེལ། མེས་རྒྱལ་གཅིག་གྱུར་ལ་ཡར་སྐུལ། ཀྲུང་ཕྱི་བར་གྱི་སྤེལ་རེས་མཉམ་ལས་དམ་ཟབ་བྱེད་པ་སོགས་ཀྱི་ཐད་སྔར་ལས་ཆེ་བའི་ནུས་པ་འདོན་པར་ཁྲིད་སྟོན་དང་སྐུལ་མ་གཏོང་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ལི་ཀན་ཅེ་ཡིས་སྤྱི་བསྡོམས་གསུང་བཤད་གནང་སྐབས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱི་སྡོད་རང་མིའི་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དོན་སྙིང་གལ་ཆེན་དང་། དུས་རབས་ཀྱི་རིན་ཐང་། སྙིང་པོའི་དོན་གནད། ལག་ལེན་གྱི་བླང་བྱ་བཅས་ལ་གཏིང་ཟབ་ཀྱིས་གོ་བ་ལེན་པ་དང་ཁོང་དུ་ཆུད་པ་བྱེད་པ་དང་། ཏང་གི་ཕྱོགས་ཡོངས་མགོ་ཁྲིད་དང་ཁྱད་པར་དུ་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ། ཏང་ཀྲུང་དབྱང་གི་ཕྱི་སྡོད་རང་མིའི་བྱ་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་རྒྱུར་ཆད་ལྷག་ཅི་ཡང་མེད་པར་དམ་འཛིན་ཡང་དག་བྱས་ཏེ། མཐུན་སྒྲིལ་འབད་འཐབ་ཀྱི་རྨང་གཞི་སྔར་བས་བརྟན་པོ་བཟོ་བ་དང་། ཁྲིམས་ལྟར་ཕྱི་སྡོད་རང་མི་སྤུན་ཟླའི་ཁེ་དབང་སྲུང་སྐྱོང་བྱེད་དགོས། ཡང་དག་པའི་སྲིད་འབྲས་ལྟ་བ་བརྟན་པོར་འཛུགས་པ་དང་ལག་ལེན་བསྟར་དགོས་པ་དང་། སེམས་ཤུགས་གཅིག་སྒྲིལ་དང་མུ་མཐུད་འབད་འཐབ་བྱེད་པ། ཕྱོགས་སོ་སོའི་སྟོབས་ཤུགས་རྒྱ་ཁྱབ་ཏུ་གཅིག་བསྡུ་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་གྱིས་དུས་རབས་གསར་པའི་ཕྱི་སྡོད་རང་མིའི་བྱ་བ་ཡག་པོ་བསྒྲུབ་དགོས།

ཀྲེ་ཅང་ཞིང་ཆེན་དང་ཧྥུ་ཅན་ཞིང་ཆེན། ཀོང་ཏུང་ཞིང་ཆེན། ཡུན་ནན་ཞིང་ཆེན། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས། ཕྱི་འབྲེལ་པུའུ། སློབ་གསོ་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་། ཀྲུང་གོའི་ཕྱི་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་འགན་ཁུར་བློ་མཐུན་ཚོས་བརྗེ་རེས་གཏམ་བཤད་སྤེལ།

བློ་བཟང་རྒྱལ་མཚན་དང་ཝུའུ་ཀྲེང་ལུང། ཞན་ཧུའེ་བཅས་གྲོས་ཚོགས་སུ་ཞུགས།

ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་སོ་སོ་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག

འབྲེལ་ཡོད་ཀྱི་མི་དམངས་ཚོགས་པ། ཀྲུང་དབྱང་གིས་དོ་དམ་བྱེད་པའི་དངུལ་རྩའི་ལས་ཁུངས་དང་ཁེ་ལས་ཁ་ཤས། མཐོ་རིམ་སློབ་གྲྭ་ཁ་ཤས། ཕྱི་རྒྱལ་དུ་སྡོད་པའི་གཞུང་ཚབ་དོན་གཅོད་ཁང་གི་འགན་འཁུར་བློ་མཐུན་སོགས་གྲོས་ཚོགས་སུ་ཞུགས། །

热门新闻

热门图库

热门排行