རང་ཞིང་གིས་ཀུན་ཕན་བཅོལ་སྐྱོང་ཞབས་ཞུའི་བྱ་དགའི་ཁ་གསབ་ཀྱི་ལག་བསྟར་ཇུས་གཞི་དཔར་འགྲེམས་བྱས།
ཟླ7པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་གནས་ཚུལ་སྤེལ་བ་ལྟར་ན། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ནོར་སྲིད་ཐིང་དང་མཉམ་འབྲེལ་གྱིས《མཚོ་སྔོན་ཞིང་ཆེན་གྱི་ཀུན་ཕན་བཅོལ་སྐྱོང་ཞབས་ཞུའི་བྱ་དགའི་ཁ་གསབ་ཀྱི་ལག་བསྟར་ཇུས་གཞི》དཔར་འགྲེམས་བྱས་ཤིང་། 2027ལོ་ནས2030ལོའི་བར་དུ་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་རང་གྲབས་མ་དངུལ་གསལ་བོར་བཏོན་ཏེ། བྱ་དགའི་ཁ་གསབ་བྱེད་སྟངས་གསར་གཏོད་བྱས་ནས། ས་གནས་སོ་སོས་དོན་དངོས་དང་ཟུང་འབྲེལ་གྱིས་ཐབས་ལམ་མང་པོའི་སྒོ་ནས་ཀུན་ཕན་བཅོལ་སྐྱོང་ཞབས་ཞུའི་མ་ལག་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། སྲིད་གཞུང་གིས་མགོ་ཁྲིད་བྱེད་པ། སྤྱི་ཚོགས་ལ་བརྟེན་པ། ཁྱིམ་ཚང་རྨང་གཞིར་འཛིན་པ་བཅས་ཀྱི་བྱེད་པོ་མང་པོ་དང་རིགས་མང་པོ། རིམ་པ་མང་པོ་བཅས་ཀྱི་ཀུན་ཕན་བཅོལ་སྐྱོང་ཞབས་ཞུའི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་བསྐྲུན་རྒྱུ་ཡིན་པ་གསལ་པོར་བསྟན།
《ལག་བསྟར་ཇུས་གཞི》ཡི་ནང་དུ་བྱ་དགའི་ཁ་གསབ་སྤྲོད་སྟངས་ཐད་གཏན་འབེབས་ཞིབ་ཕྲ་བྱས་ཡོད་དེ། 2027ལོ་ནས་བཟུང་། ཞིང་ཆེན་རིམ་པས་གྲོང་ཁྱེར་དང་ཁུལ་སོ་སོའི་བཅོལ་སྐྱོང་ཞབས་ཞུའི་བྱ་བར་ཕྱོགས་བསྡུས་ཀྱིས་གདེང་འཇོག་བྱ་རྒྱུ་ཡིན་པ་དང་། གདེང་འཇོག་བྱེད་སྐབས་གྲོང་ཁྱེར་དང་ཁུལ་སོ་སོའི་འཕེལ་རྒྱས་ཀྱི་རྨང་གཞི་དང་མི་གྲངས་ཀྱི་གཞི་ཁྱོན། བྱ་བར་སྐུལ་འདེད་གཏོང་བའི་དཀའ་ཁག་སོགས་ཀྱི་རྒྱུ་རྐྱེན་ལ་བསམ་གཞིག་གང་ལེགས་བཏང་ནས། བཅོལ་སྐྱོང་ཞབས་ཞུའི་བྱ་བར་ཕན་འབྲས་མངོན་གསལ་ཐོན་པ་དང་དམིགས་ཚད་ལས་འགན་སོ་སོ་ལེགས་འགྲུབ་བཟང་བོ་ཡོང་བ། ཕྱོགས་བསྡུས་ཨང་རིམ་མདུན་གྲལ་དུ་སླེབས་པ་བཅས་ཀྱི་གྲོང་ཁྱེར་དང་ཁུལ་ལ་རིགས་དབྱེ་བ་དང་རིམ་པ་དབྱེ་བའི་རོགས་དངུལ་སྤྲོད་སྟངས་སྤྱད་དེ་བྱ་དགའི་ཁ་གསབ་སྤྲོད་རྒྱུ་རེད། ལོ་འཁོར་གྱི་བྱ་དགའི་ཁ་གསབ་མ་དངུལ་གྱི་ཚད་གཞི་དེ་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ནོར་སྲིད་ཐིང་དང་མཉམ་དུ་གདེང་འཇོག་གི་གནས་ཚུལ་ལ་གཞིགས་ནས་གཏན་འཁེལ་བྱས་ཏེ་ལོ་རེའི་ཟླ6པར་བསྒྲགས་རྒྱུ་རེད། བྱ་དགའི་ཁ་གསབ་མ་དངུལ་ནི་གཙོ་བོ་མིག་སྔར་ཡོད་པའི་ལས་ཡུལ་བེད་སྤྱོད་གང་ལེགས་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། ལས་ཞུགས་མི་སྣར་གསོ་སྦྱོང་བྱེད་པ། ལག་རྩལ་གྱི་མཛུབ་སྟོན་བྱེད་པ། གཞི་གྲངས་ཅན་གྱི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་བ། སྒྲིག་ཆས་སྒྲིག་བཀོད་ཆ་ཚང་བཀོད་སྒྲིག་བྱེད་པ། བོགས་དངུལ་ཆག་ཡང་དང་རྩ་ཆག་ཏུ་གཏོང་བ་སོགས་ཀུན་ཕན་བཅོལ་སྐྱོང་ཞབས་ཞུའི་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་འགྲོ་གྲོན་ཐད་སྤྱོད་རྒྱུ་རེད།
《ལག་བསྟར་ཇུས་གཞི》ཡི་ནང་དུ་གདེང་འཇོག་གི་ནང་དོན་གཙོ་བོ་གསལ་པོར་བསྟན་ཡོད་དེ། ལོ་རེའི་ལོ3མན་གྱི་བྱིས་པ་བཅོལ་སྐྱོང་ཁང་དུ་ཞུགས་ཚད་མཐོར་འདེགས་སུ་གཏོང་བ་དང་ཀུན་ཕན་བཅོལ་སྐྱོང་གི་གྲངས་ཀ་ཇེ་མང་དུ་གཏོང་བའི་དམིགས་ཚད་ལས་འགན་གཉིས་ལེགས་འགྲུབ་བྱ་རྒྱུ་རེད། ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་དང་། དངོས་གོང་སྟོན་གྲངས་སོགས་ཀྱི་རྒྱུ་རྐྱེན་དང་ཟུང་འབྲེལ་བྱས་ནས། ཚན་རིག་དང་མཐུན་པའི་སྒོ་ནས་ཁ་གསབ་ཀྱི་ཚད་གཞི་གཏན་འབེབས་བྱས་ཏེ། བཅོལ་སྐྱོང་ལས་ཁུངས་ཀྱིས་ཀུན་ཕན་བཅོལ་སྐྱོང་གི་གྲངས་ཀ་མཁོ་སྤྲོད་བྱེད་ཚད་ཇེ་མང་དུ་གཏོང་བར་སྐུལ་ལྕག་ནུས་ལྡན་བྱས་ཡོད། ས་གནས་ཀྱི་དངོས་ཡོད་དང་མཐུན་པའི་ཀུན་ཕན་བཅོལ་སྐྱོང་ཞབས་ཞུའི་རིན་པ་བསྡུ་ལེན་གྱི་ཚད་གཞི་གཏན་འབེབས་བྱས་ཡོད་པ་མ་ཟད། རྫོང(གྲོང་ཁྱེར། ཁུལ། སྲིད་འཛིན་ཨུ་ཡོན་ལྷན་ཁང)སོ་སོས་བཅོལ་སྐྱོང་ལས་ཁུངས་ཀྱི་ཀུན་ཕན་གཏན་འབེབས་བྱ་བ་བསྒྲུབ་པར་མཛུབ་སྟོན་བྱས།