མཚོ་སྔོན་གྱིས་ལོ་སྟོད་དུ་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར13.91གཏོང་སྤྲོད་བྱས་པ།
མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གིས་གཞི་གྲངས་གསར་ཤོས་ཡོངས་བསྒྲགས་བྱས་པ་ལྟར་ན། ཟླ6པའི་ཟླ་མཇུག་བར། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་དང་དམིགས་བསལ་དཀའ་ངལ་ཡོད་པའི་རོགས་སྐྱོར་བྱ་ཡུལ་ཁྱོན་མི་ཁྲི39.16ཟིན་པ་དང་། རིམ་རྩིས་བྱས་ན་མི་ཐེངས་ཁྲི5.27ལ་གནས་སྐབས་རོགས་སྐྱོར་བྱས་པ་དང་། ལོ་སྟོད་དུ་རིགས་མི་འདྲ་བའི་རོགས་སྐྱོར་ཁ་གསབ་མ་དངུལ་སྒོར་དུང་ཕྱུར13.91གཏོང་སྤྲོད་བྱས་ཡོད་པ་རེད།
ད་ལོའི་ལོ་སྟོད་དུ། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གིས་སློབ་གསོ་ཅུའུ་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ། སྡོད་ཁང་འཛུགས་སྐྲུན་ཅུའུ། འཕྲོད་བསྟེན་བདེ་ཐང་ཅུའུ། མཁོ་བསྟུན་ཅུའུ། སྨན་བཅོས་འགན་སྲུང་ཅུའུ་སོགས་སྡེ་ཁག7དང་མཉམ་འབྲེལ་སྒོས《མཚོ་སྔོན་ཞིང་ཆེན་གྱི་རིམ་དབྱེ་རིགས་དགར་རོགས་སྐྱོར་གཞོགས་འདེགས་སྲིད་ཇུས་ཀྱི་གསལ་ཐོ》བཏོན་ནས་གཞི་རྩའི་འཚོ་བ་དང་སློབ་གསོ། སྨན་བཅོས། སྡོད་ཁང་། ལས་ཞུགས། གནོད་ཐེབས། ནད་གཞི་མྱུར་སྐྱོབ་སོགས་རིགས་ཆེན་པོ8ཀྱི་རོགས་སྐྱོར་ལས་གཞི55མ་ཕྱོགས་བསྡུས་བྱས་ཏེ། ལས་གཞི་རེ་རེ་བཞིན་ཆོག་འཐུས་ཚད་གཞི་དང་ལས་རིམ། ཐོབ་ཐང་འགན་ལེན། དེ་བཞིན་ཁྱད་པར་ཅན་གྱི་ཁ་གསབ་སྲིད་ཇུས་བཅས་ཁ་གསལ་བཟོས་ནས། ཐབས་ཇུས་གཅིག་ཏུ་སྡུད་པ་དང་བལྟས་པ་ཙམ་གྱིས་རྟོགས་ཐུབ་པ། མཐེབ་གཞོང་གཅིག་གིས་འཚོལ་ཐུབ་པའི་རོགས་སྐྱོར་སྲིད་ཇུས་མངོན་འགྱུར་བྱུང་ལ། དུས་མཚུངས་སུ་རོགས་སྐྱོར་ཀྱི་སྟབས་བདེ་རྩིས་ཐོ་བཟོས་ཏེ། དྲ་ཐོག་ཏུ་ཡོང་འབབ་དམའ་བའི་མི་འབོར་གྱི་འགུལ་རྣམ་ལྟ་ཞིབ་ལས་སྟེགས་ལ་བརྟེན་པ་དང་། དྲ་ཕྱི་རུ་སྟབས་བདེ་རྩིས་ཐོ་ཁྱིམ་དུ་སྐྱེལ་བ། གཞི་རིམ་ལས་བྱེད་པ་རྩ་འཛུགས་བྱས་ཏེ་མི་རེ་དང་ཁྱིམ་ཚང་རེར་གནད་ལ་ཁེལ་བའི་འགྲེམས་གཏོང་བཅས་བྱས་ཏེ། རོགས་སྐྱོར་སྲིད་ཇུས་མང་ཚོགས་ཀྱིས་མཐོང་ཐུབ་པ་དང་རག་ཐུབ་པ། རྩིས་རྒྱག་ཐུབ་པ་བཅས་བྱས་ནས། མིས་སྲིད་ཇུས་འཚོལ་བ་དེ་སྲིད་ཇུས་ཀྱིས་མི་འཚོལ་བ་རུ་བསྒྱུར་ཡོད།
མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གིས་སྨན་བཅོས་འགན་སྲུང་དང་གྲོང་གསེབ་དར་སྤེལ། སྤྱི་བདེ། དབང་བོ་སྐྱོན་ཅན་སོགས་སྡེ་ཁག་དང་གཞི་གྲངས་མཉམ་སྤྱོད་བརྗེ་རེས་བྱས་ནས། ལོ་སྟོད་དུ་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་ཞིབ་བསྡུར་སྙན་ཞུ་ཁྲི23.92སྤྲད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཡོང་འབབ་དམའ་བའི་མི་འབོར་གྱི་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་ལས་སྟེགས་རིམ་སྤར་བྱས་པ་དང་། ལས་ཤོར་དང་གྲངས་འབོར་ཆེ་བའི་སྨན་བཅོས་འགྲོ་གྲོན་སོགས་ཀྱི་རྐྱེན་ཀྱིས་དཀའ་ངལ་ལ་འཕྲད་པའི་ཉེན་ཟོན་སྔོན་བརྡའི་དམིགས་ཚད་གསར་སྣོན་བྱས་ཤིང་། རིམ་རྩིས་བྱས་ན་ཉེན་ཟོན་སྔོན་བརྡའི་གཞི་གྲངས11369སྤེལ། སྔོན་ཚུད་ཉེན་བརྡའི་ཁུངས་སྣེ་ལ་བརྟེན་ནས་ཡུལ་དངོས་སུ་ཞིབ་བསྡུར་བྱས་ཏེ། རོགས་སྐྱོར་འགན་ལེན་བྱ་ཡུལ་མི519གསར་སྣོན་བྱས་པ་དང་། ཆ་རྐྱེན་དང་མི་མཐུན་པའི་མི122ཕྱིར་འཐེན་བྱས་པས་འགན་ལེན་བྱེད་དགོས་པའི་རིགས་ལ་འགན་ལེན་དང་ཕྱིར་སློག་བྱེད་དགོས་པའི་རིགས་ཕྱིར་སློག་ཐུབ་པར་འགན་ལེན་བྱས།