ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་བརྒྱད་ཀྱིས་འབབ་རྒྱུད་གཙོ་བོའི་སྐྱེ་ཁམས་སྲུང་སྐྱོང་ལ་ཁ་གསབ་གྲོས་མཐུན་བཞག
ཟླ7པའི་ཚེས22ཉིན།མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་ནས་གནས་ཚུལ་འབྱོར་བ་ལྟར་ན། ཞིང་ཆེན་ནོར་སྲིད་ཐིང་གིས་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་ཐིང་དང་མཉམ་དུ་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ8ལ་རྩ་འཛུགས་བྱས་ནས་རྨ་ཆུའི་བཞུར་རྒྱུན་གཙོ་བོ་དང་ཙོང་ཆུའི་འབབ་རྒྱུད། འབྲི་ཆུ། རྫ་ཆུའི་འབབ་རྒྱུད་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ལ་ཁ་གསབ་གྲོས་མཐུན་བཞག གྲོས་མཐུན་ལས་རང་རེའི་ཞིང་ཆེན་མངའ་ཁོངས་ཀྱི་རྨ་ཆུའི་བཞུར་རྒྱུན་གཙོ་བོ་དང་ཙོང་ཆུའི་འབབ་རྒྱུད། འབྲི་ཆུ་དང་རྫ་ཆུའི་འབབ་རྒྱུད་བཅས་ལ་གཞིགས་ཏེ། ས་མཚམས་ལས་བརྒལ་བའི་ལྟ་ཞིབ་ཚད་ལེན་བཅད་ངོས་དང་ཆུའི་སྤུས་ཚད་དཔྱད་ཞིབ་དམིགས་ཚད། སྐྱེ་ཁམས་ཁ་གསབ་ཚད་གཞི་དང་མ་དངུལ་བསྡོམས་རྩིས་རྒྱག་སྟངས་བཅས་དང་འབྲེལ་ནས་ཕྱོགས་གཉིས་ཀའི་འགན་དབང་གསལ་བོར་བཟོས་ཡོད།
གྲོས་མཐུན་ལས་ཕྱོགས་གཉིས་ཀར་ཁ་གསབ་སྤྲོད་པའི་ལམ་སྲོལ་ལག་བསྟར་བྱས་ཏེ་ཟླ་རེ་བཞིན་ལྟ་ཞིབ་ཚད་ལེན་དང་ལོ་རེ་བཞིན་བསྡོམས་རྩིས་རྒྱག་པའི་རྣམ་པ་སྤྱད་ཡོད། ཁ་གསབ་མ་དངུལ་དེ་འབབ་རྒྱུད་ཀྱི་སྦགས་བཙོག་བཅོས་སྐྱོང་དང་སྐྱེ་ཁམས་སླར་གསོ། ཆུ་མགོ་གསོ་སྐྱོང་། ཁོར་ཡུག་ལྟ་སྐུལ་དོ་དམ་བཅས་ཀྱི་ནུས་པ་འཛུགས་སྐྱོང་བྱེད་པར་ཆེད་དུ་སྤྱོད་རྒྱུ་དང་གདུབ་ཟུམ་དོ་དམ་ལག་བསྟར་བྱས་ནས། མ་དངུལ་གནད་ལ་འཁེལ་ཞིང་ལས་ཆོད་ཆེ་བའི་སྒོ་ནས་བེད་སྤྱོད་བྱེད་པར་འགན་སྲུང་བྱས་ཤིང་། གྲོས་མཐུན་བཞག་པ་དེས་འབབ་རྒྱུད་ཀྱི་སྟོད་སྨད་བར་གསུམ་གྱི་སྐྱེ་ཁམས་སྲུང་སྐྱོང་ཆེན་པོ་དང་ཕྱོགས་བསྡུས་བཅོས་སྐྱོང་ཆེན་པོ་མཉམ་དུ་སྤེལ་བར་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། སུས་སྲུང་སྐྱོང་བྱས་ན་དེར་ཁེ་ཕན་ཐོབ་པ་དང་། སུས་སྦགས་བཙོག་བཟོས་ན་དེས་སྐྱིན་ཚབ་འཇལ་དགོས་པའི་ཁེ་ཕན་གྱི་ཁྲིད་ཕྱོགས་བཙུགས་ཏེ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་བྱ་རྒྱུ་དེ་ནུས་པ་འདོན་པ་ནས་སྐུལ་མ་གཏོང་བའི་ཕྱོགས་སུ་བསྒྱུར་བ་དང་། སྲིད་འཛིན་གྱིས་སྐུལ་འདེད་གཏོང་བ་ནས་ལམ་ལུགས་ཀྱི་གཅུན་སྡོམ་དང་ཁེ་ཕན་མཉམ་འགུལ་ཕྱོགས་སུ་བསྒྱུར་ཏེ། སྲུང་སྐྱོང་གི་འགན་འཁྲི་མཉམ་འཁུར་དང་ཁོར་ཡུག་མཉམ་སྐྱོང་། ཕན་འབྲས་མཉམ་སྤྱོད་བཅས་ཀྱི་རྣམ་པ་གསར་པ་བསྐྲུན་ནས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ལེགས་བཅོས་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་འཛུགས་པར་ལམ་ལུགས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱས་ཡོད།