གནས་ཚུལ། 详情

མཚོ་ལྷོ་ལུང་གཡང་རུ་ཁག་དང་རེབ་གོང་སྒྱུ་རྩལ་རུ་ཁག་གཉིས་ཀྱིས་རྐང་གྲུག་འགྲན་བསྡུར་ཁུལ་ལུས་རྩལ་ར་བར་སྤེལ་བ།

2026-07-28 08:56:12 来源: 作者: 编辑:བུ་མོ་མཆོག

རང་ཚགས་པར་གྱི་འཕྲིན། ཟླ7པའི་ཚེས26ཉིན། མཚོ་ལྷོ་ལུང་གཡང་རུ་ཁག་དང་རེབ་གོང་སྒྱུ་རྩལ་རུ་ཁག་གཉིས་ཀྱིས་ཁུལ་ལུས་རྩལ་ར་བར་འགྲན་བསྡུར་སྤེལ་བ་་དང་། རུ་ཁག་གཉིས་ཀྱི་རུ་མི་ཚོའི་སྤོབས་པ་དང་འགྲན་རྩོད་ལས་མཐོ་སྒང་གི་ལུས་རྩལ་པ་ཞིག་གི་སྙིང་སྟོབས་མངོན་ཡོད་པར་མ་ཟད། མི་རིགས་སོ་སོའི་རིག་གནས་ཀྱི་འབྲེལ་འདྲིས་ལའང་སྐུལ་འདེད་གཏིང་ཟབ་བཏང་ཡོད། 

7b1f7901a1e81205abede52a504b16b9.png

འགྲན་རའི་ཡུལ་དངོས་སུ། ཚོན་དར་ལྷབ་ལྷུབ་ཏུ་བསྐྱོད། དགའ་འབོད་ལྷང་ལྷང་དུ་གྲགས། ཤན་འབྱེད་པས་འགྲན་བསྡུར་མགོ་རྩོམ་གྱི་བརྡ་བཏང་སྟེ་འགྲན་བསྡུར་དངོས་སུ་མགོ་བརྩམས་པ་དང་། མཚོ་ལྷོ་ལུང་གཡང་རུ་ཁག་དང་རེབ་གོང་སྒྱུ་རྩལ་རུ་ཁག་གཉིས་ཀྱི་འགྲན་ཞུགས་རུ་མི་ཚོས་ཕན་ཚུན་གཞོགས་འདེགས་དང་རྐང་གྲུག་འཕྲོག་རྩོད། འགྲམ་གཉིས་ཐོད་བརྒལ་དང་སྒོ་རྩའི་ཕར་རྒོལ་བཅས་བྱས་ནས་ཛ་དྲག་གི་འགྲན་བསྡུར་ལ་དངོས་སུ་ཞུགས། 

མཚོ་ལྷོ་ལུང་གཡང་རུ་ཁག་གིས་རང་གི་འགྲན་རའི་ལེགས་ཆར་བརྟེན་ཏེ། འགྲན་བསྡུར་མགོ་བརྩམས་མ་ཐག་ཕར་རྒོལ་བྱེད་མགོ་ཚུགས་པ་དང་། བར་དཀྱིལ་གྱི་རྩ་འཛུགས་དང་བརྒྱུད་སྤྲོད་ལ་བརྟེན་ནས་ཕ་རོལ་བའི་འགོག་སྲུང་ལ་མུ་མཐུད་དུ་བཙན་རྒོལ་བྱས། རེབ་གོང་སྒྱུ་རྩལ་རུ་ཁག་གིས་འགོག་སྲུང་བརྟན་པོར་བརྟེན་ནས་གོ་སྐབས་དམ་འཛིན་སྒོས་མགྱོགས་མྱུར་ངང་རྒོལ་ལན་སྤྲད་པ་རེད། ཕྱོགས་གཉིས་གྱིས་ཕན་ཚུན་ལ་རྒོལ་བའི་ཛ་དྲག་གི་འགྲན་རྩོད་ལས་ཡུལ་དངོས་ཀྱི་གྲུག་ཞེན་པ་རྣམས་ཀྱི་ཡིད་དབང་ཅིག་ཅར་ཏུ་འཕྲོག་སྟེ་ལུས་རྩལ་ར་བར་དགའ་འབོད་ཀྱིས་ཁེངས་འདུག 

47e171a16e8ad9062ac9e33c6e4dba5c.png

མཐོ་སྒང་གི་འགྲན་བསྡུར་ནི་རྐང་གྲུག་གི་ནུས་རྩལ་ཁོ་ན་མངོན་པ་ཙམ་མིན་པར། བཟོད་སེམས་དང་སྙིང་སྟོབས་དེ་བས་ཀྱང་མཚོན་ཐུབ། འགྲན་རྩོད་ལ་ཛ་དྲག་ཅི་འདྲའི་ཆེ་ནའང་། རུ་ཁག་གཉིས་ཀྱི་རུ་མི་རྣམས་ཀྱིས་ངལ་དུབ་ལ་མི་འཛེམ་པར་ནུས་ཤུགས་ཡོད་རྒུས་འགྲན་རྩོད་བྱས་ཤིང་། འགྲན་རའི་སྒྲིག་ཁྲིམས་ལ་བརྩི་སྲུང་ནན་མོ་བྱས་ཏེ། འགྲན་རྩོད་དྲག་པོའི་ཁྲོད་ཕན་ཚུན་ལ་བརྩི་འཇོག་སྒོས་འགྲན་བསྡུར་ལ་རྣམ་པ་བཟང་བོ་བསྐྲུན་ཞིང་། འགྲན་ར་ནི་ས་གནས་གཉིས་ཀྱི་རིག་གནས་མཉམ་འདྲེས་ལ་རྒྱུས་ལོན་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད། མཐར་ལུང་གཡང་རུ་ཁག་གིས1བསྡུར0གི་སྐར་འབྲས་བླངས་ནས་འགྲན་རྒྱལ་བྱུང་བ་དང་། ཕན་ཚུན་གྱི་ཛ་དྲག་གི་འགྲན་རིམ་ལས་ཡུལ་དངོས་ཀྱི་གྲུག་ཞེན་པ་རྣམས་ལ་ལྟད་མོ་གྱ་ནོམ་པ་ཞིག་ཕུལ་བ་རེད། 

cb6d56b3419d182a68ac84109cd958ea.png

ལྟད་མོ་བ་བསམ་འགྲུབ་མཚོ་ཡིས་བཤད་རྒྱུར། རང་ཁྱིམ་གྱི་ཉེ་སར་འདི་འདྲའི་ངོ་མཚར་གྱི་རྐང་གྲུག་འགྲན་བསྡུར་ཞིག་ལ་བལྟ་ཐུབ་པར་སེམས་གཏིང་ནས་དགའ་སྤྲོ་སྐྱེས་ཡོད་ལ། རྗེས་ཕྱོགས་འདི་འདྲའི་འགྲན་བསྡུར་གྱི་བྱ་འགུལ་མང་ཙམ་སྤེལ་བའི་རེ་བ་ཆེན་པོ་ཡོད་ཟེར། 

འགྲན་རའི་ནང་གི་འགྲན་བསྡུར་མཇུག་སྒྲིལ་ནའང་། འགྲན་རའི་ཕྱི་ཡི་ཁྱད་ལྡན་ཐོན་རྫས་འགྲེམ་ཁུལ་དུ་སྔར་བཞིན་འདུ་འཛིས་ཁེངས་འདུག ཐེངས་འདིའི་འགྲན་བསྡུར་གྱིས་རྒྱ་ཆེའི་གྲུག་ཞེན་པ་རྣམས་ལ་འགྱེས་སྟོན་ཆེན་མོ་ཞིག་བཤམས་པར་མ་ཟད། ལུས་རྩལ་ལ་བརྟེན་ནས་མཚོ་ལྷོའི་ཁྱད་ལྡན་ཐོན་ལས་དང་རྒྱུན་ལྡན་གྱི་འཚོ་བ། རིག་གནས་ཡུལ་སྐོར་ཐོན་ཁུངས་བཅས་གཞི་གཅིག་ཏུ་སྦྲེལ་ཏེ།  རབ་མཛེས་མཚོ་སྔོན་གྱི་རིག་གནས་ལུས་རྩལ་གྱི་རྣམ་པ་བཟང་བོ་མངོན་པར་བྱས་པ་དང་། ལུས་རྩལ་ལ་བརྟེན་ནས་ས་གནས་ཀྱི་ཞིང་ལས་དང་ལུས་རྩལ།  རིག་གནས་དང་ཡུལ་སྐོར། ཚོང་ལས་དང་ཁམས་གསོ་བཅས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་བྱས་ནས། གནས་མཆོག་མཚོ་ལྷོའི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་དང་མཛེས་ལྗོངས་ལའང་ཉམས་ལེན་བྱེད་དུ་བཅུག

ལྟད་མོ་བ་འཕགས་མོ་གཡུ་སྒྲོན་གྱིས་བཤད་རྒྱུར། འགྲན་རའི་ནང་དུ་ངོ་མཚར་བའི་རྐང་གྲུག་འགྲན་བསྡུར་གྱི་ལྟད་མོ་ཡོད་པར་མ་ཟད། འགྲན་རའི་ཕྱི་རོལ་དུ་མཚོ་ལྷོ་ཁུལ་གྱི་ས་ཆ་སོ་སོ་ནས་ཐོན་པའི་ཁྱད་ལྡན་ཐོན་རྫས་སྣ་ཚོགས་ཡོད་པས། ངས་ཀྱང་ཐོན་རྫས་མང་པོ་ཞིག་ཉོས་པ་ཡིན་ཟེར།།

热门新闻

热门图库

热门排行