ཀོས་ནན་རྫོང་གིས་བྱེ་འགོག་བྱེ་བཅོས་བྱས་ནས་ལོ་འཁོར30ལོན་པའི་མུ་འབྲེལ་བྱ་འགུལ་སྤེལ་མགོ་བརྩམས་པ།
ཟླ7པའི་ཚེས23ཉིན། ཀོས་ནན་རྫོང་གིས་བྱེ་འགོག་བྱེ་བཅོས་བྱས་ནས་ལོ་འཁོར30ལོན་པའི་གྲུབ་འབྲས་འགྲེམ་སྟོན་གྱི་མུ་འབྲེལ་བྱ་འགུལ་དེ་ཀོས་ནན་རྫོང་མཐོ་སྒང་སྐྱེ་ཁམས་སྲུང་སྐྱོང་སློབ་གསོའི་རྟེན་གཞིར་དངོས་སུ་སྤེལ་མགོ་བརྩམས་ཤིང་། བྱ་འགུལ་ལས་གྲུབ་འབྲས་འགྲེམས་སྟོན་དང་སྙིང་སྟོབས་དར་སྤེལ། བསམ་བློའི་ཆབ་སྲིད་ཀྱི་སློབ་ཁྲིད། དངོས་སུ་ཉམས་ལེན་བྱེད་པ་སོགས་ཀྱི་རྣམ་པར་བརྟེན་ནས། ས་གནས་ཀྱི་ལོ་ངོ་སུམ་ཅུའི་རིང་གི་སྐྱེ་ཁམས་འགྱུར་ལྡོག་གཅིག་བསྡུས་སྒོས་མངོན་པར་བྱས་ལ། བྱེ་འགོག་གི་སྙིང་སྟོབས་དང་བསམ་བློའི་ཆབ་སྲིད་སློབ་གསོར་ཟུང་འབྲེལ་བྱས་ནས། མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་འདུ་ཤེས་དེ་ན་གཞོན་རྣམས་ཀྱི་སེམས་སུ་འཇགས་པར་བྱས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཀའོ་ཡུང་ཧུང་བྱ་འགུལ་ཁྲོད་ཞུགས།
ཐེངས་འདིའི་བྱ་འགུལ་གྱིས་ལོ་ངོ་སུམ་ཅུའི་རིང་ལ་བྱེ་ཐང་ལྗང་མདོག་ཏུ་བསྒྱུར་བ་བརྗོད་དོན་དུ་བཟུང་ནས། ཕྱོགས་ཡོངས་ནས་ཀོས་ནན་རྫོང་མུ་གེ་ཐང་དང་བྱེ་སྣའི་ས་ཁུལ་གྱི་མི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་མུ་མཐུད་དུ་བྱེ་མ་འགོག་པ་དང་། སྡོང་འཛུགས་ནགས་སྐྲུན་དང་སྲུང་སྐྱོང་གི་འབད་འཐབ་བརྒྱུད་རིམ་ཡང་བསྐྱར་བསྟན་པ་དང་། མགོ་རྩོམ་མཛད་སྒོའི་སྟེང་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་བྱས་ནས། མཐོ་སྒང་གི་བུ་དང་བུ་མོས་སྔོ་ལྗང་གི་རི་བོ་དང་དྭངས་གཙང་གི་ཆུ་མོར་སྲུང་སྐྱོང་བྱེད་པའི་བསམ་བློའི་འདུ་ཤེས་མངོན་པར་བྱས། ལྗང་སྒྱུར་མགོ་རྩོམ་མཛད་སྒོ་དང་དམངས་ཡོངས་ཀྱི་དམ་བཅའི་འབོད་སྐུལ་སོགས་ཀྱི་གོ་རིམ་བརྒྱུད་ནས། ཀོས་ནན་མང་ཚོགས་ཀྱིས་སྐྱེ་ཁམས་ཀྱི་ཚད་ཐིག་སྲུང་བ་དང་བྱེ་འགོག་བྱེ་བཅོས་ལ་གཞོལ་བའི་ཐོག་མའི་བསམ་འདུན་དང་འགན་འཁྲི་མཚོན་པར་བྱས་པ་དང་། དམངས་ཡོངས་ཀྱིས་བྱེ་འགོག་བྱེ་བཅོས་དང་ལྗང་མདོག་སྲུང་སྐྱོང་བྱེད་པའི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ཡོད། ཡུལ་དངོས་སུ་བྱེ་བཅོས་ལས་དོན་པ་རྒན་པ་རྣམས་ཀྱིས་རང་ཉིད་ཀྱི་མྱོང་བ་དངོས་ལ་བརྟེན་ནས་ན་གཞོན་རྣམས་ལ་གསོན་ཉམས་ལྡན་པའི་སྐྱེ་ཁམས་སློབ་གསོའི་སློབ་ཁྲིད་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་དང་ཕ་ཡུལ་སྲུང་བའི་འདུན་པ་དེ་གཞོན་ནུ་ལོ་ཆུང་ཚོའི་སེམས་སུ་འཇགས་པར་བྱས།
ཀོས་ནན་རྫོང་ཁྲེང་ཀོན་བཅའ་སྡོད་སློབ་ཆུང་གི་སློབ་མ་བསྟན་འཛིན་མཚོ་ཡིས་བཤད་རྒྱུར། ཀོས་ནན་གྱི་བྱེ་འགོག་བྱེ་བཅོས་ཀྱི་ལས་ལ་གཞོལ་བའི་སྔོན་རབས་པ་རྣམས་ཀྱིས་རླུང་འཚུབ་དང་བྱེ་རྡུལ་ལ་མི་འཛེམས་པར། སྡོང་འཛུགས་ནགས་སྐྲུན་དང་ཕ་ཡུལ་སྲུང་བའི་སྙིང་སྟོབས་ཀྱིས་ང་ཚོར་སྐུལ་ལྕག་ཟབ་མོ་ཐེབས་བྱུང་ལ། རྗེས་ཕྱོགས་ངས་མེ་ཏོག་དང་རྩི་ཤིང་ལ་གཅེས་སྤྲས་དང་། ཐོན་ཁུངས་གྲོན་ཆུང་། ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱ་རང་འགུལ་གྱིས་དྲིལ་སྒྲོག་བྱས་ཏེ། དོན་དག་ཆུང་ངུ་ནས་མགོ་བརྩམས་ཏེ་ཕ་ཡུལ་གྱི་སྔོ་ལྗང་གི་རི་བོ་དང་དྭངས་གཙང་གི་ཆུ་མོར་སྲུང་སྐྱོང་བྱ་ངེས་ཡིན་ཟེར།
བྱ་འགུལ་སྤེལ་བའི་སྐབས་སུ། ཀོས་ནན་རྫོང་གིས་སྐྱེ་ཁམས་བཅོས་སྐྱོང་གི་ཐོན་ཁུངས་ལ་བརྟེན་ནས། བསམ་བློའི་ཆབ་སྲིད་ཀྱི་སློབ་ཐུན་བཀོད་སྒྲིག་བྱས། དུས་མཚུངས་སུ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་བསམ་བློའི་ཆབ་སྲིད་ཀྱི་སློབ་ཐུན་ཆེན་མོའི་ལག་ལེན་སློབ་ཁྲིད་ས་ཚིགས་དེ་མུ་གེ་ཐང་གི་བྱང་གསུམ་འགག་སྒྲོལ་དཔེ་སྟོན་ཁུལ་དུ་དངོས་སུ་སྒོ་བྱང་བཀལ་བ་དང་། ཞིང་ཆེན་ཕྱི་ནང་གི་ཆེད་མཁས་པ་དང་དགེ་སློབ་ཀྱི་འཐུས་མི་ཡུལ་དངོས་སུ་འཛོམས་ནས། སློབ་རིམ་བརྒལ་བའི་བསམ་བློའི་ཆབ་སྲིད་ཀྱི་དཔེ་སྟོན་སློབ་ཁྲིད་ལ་དཔྱད་བརྗོད་བྱས་ཤིང་། རྒྱ་ཆེའི་གཞོན་ནུ་ལོ་ཆུང་རྣམས་སློབ་ཁང་ནས་བྱེ་ཐང་དུ་བསྐྱོད་དེ། བྱེ་འགོག་བྱེ་བཅོས་ཀྱི་ལག་ལེན་ཁྲོད་དངོས་སུ་ཞུགས་ནས། བྱེ་བཅོས་ཀྱི་སྙིང་སྟོབས་དང་སྐྱེ་ཁམས་ཀྱི་འགན་འཁྲི་ལག་བསྟར་བྱས་པ་རེད།
ཐེངས་འདིའི་མུ་འབྲེལ་བྱ་འགུལ་ནི་ཀོས་ནན་རྫོང་གིས་ལོ་ངོ་སུམ་ཅུའི་རིང་ལ་བྱེ་འགོག་བྱེ་བཅོས་བྱས་པའི་གྲུབ་འབྲས་གཅིག་བསྡུས་ཀྱིས་འགྲེམས་སྟོན་བྱས་པ་ཞིག་ཡིན་པ་མ་ཟད། སྐྱེ་ཁམས་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཀྱང་ཡིན། མ་འོངས་པར། ཀོས་ནན་རྫོང་གིས་མུ་མཐུད་དུ་བྱེ་འགོག་འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་དུ་བཏང་སྟེ། སྐྱེ་ཁམས་དང་བསམ་བློའི་ཆབ་སྲིད་ཀྱི་སློབ་གསོ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ་དང་། རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་ལེགས་པར་སྲུང་བ། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དང་མི་རིགས་མཐུན་སྒྲིལ་གྱི་སྟོབས་ཤུགས་དེ་མཐོ་སྒང་གི་ས་གཞི་ཆེན་མོའི་སྟེང་མི་རབས་ནས་མི་རབས་སུ་བརྒྱུད་སྤྲོད་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད།