གནད་བསྡུས། 详情

ཁྲི་ཀས་རང་ས་གནས་ཀྱི་ཟས་རིགས་སྤུས་རྟགས་གཉིས་དངོས་སུ་ཁྱབ་སྒྲོག་བྱས།

རིག་གནས་ལ་བརྟེན་ནས་ཟས་མཆོག་ཁྱབ་བསྒྲགས་དང་། ཟས་མཆོག་ལ་བརྟེན་ནས་རིག་གནས་ཡུལ་སྐོར་དར་སྤེལ་དུ་གཏོང་བ། ཟླ7པའི་ཚེས23ཉིན། མཚོ་སྔོན་གསོལ་སྟོན་ལས་ཁྲི་ཀའི་ཞིང་ཁྱིམ་གླིང་དང་ཀ་རིང་མཐེབ་ཐུག་སྤུས་རྟགས་ཁྱབ་སྒྲོག་བྱ་འགུལ་ཁྲི་ཀའི་གནའ་མཁར་དུ་སྤེལ། བྱ་འགུལ་ལས་ཁྲི་ཀའི་རྔམ་མཐུག་པའི་མི་ཆོས་རིག་གནས་ཀྱི་རྒྱབ་ལྗོངས་དང་ཁྱད་ལྡན་ཟས་མཆོག་ཐོན་ཁུངས་ལ་གཞི་བཙུགས་ཏེ། རང་ས་གནས་ཀྱི་ཟས་མཆོག་སྤུས་རྟགས་ཅན་དང་ཐོན་ལས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ས་གནས་ཀྱི་རིག་གནས་ཡུལ་སྐོར་མཉམ་འདྲེས་དང་གྲོང་གསེབ་དར་སྤེལ་། འཛད་སྤྱོད་སྤུས་ཚད་རིམ་སྤོར་བཅས་ལ་གསོན་ཤུགས་གསར་བ་བསྩལ།

ཐེངས་འདིའི་བྱ་འགུལ་ལས་ཁྲི་ཀའི་སིལ་སྡོང་མེ་ཏོག་མཛེས། ཁྲི་ཀའི་ཁྱད་ལྡན་ཟས་རིགས་ཞིམ་ཞེས་པ་བརྗོད་དོན་གཙོ་བོར་བཟུང་སྟེ། ཁྲི་ཀའི་བར་མཚམས་སུ་ཆགས་ཡོད་པའི་མིང་རྒྱལ་རབས་ཀྱི་ལྕགས་རི་རིང་བོ་དང་ལོ་བརྒྱའི་གནའ་བོའི་ལི་སྡོང་མང་པོ་སོགས་ཁྱད་ལྡན་རིག་གནས་ཐོན་ཁུངས་ལ་བརྟེན་ནས། ས་གནས་ཟས་མཆོག་གི་རིན་ཐང་སྔོག་འདོན་བྱེད་པ་དང་། རྨ་ཆུའི་སྟོད་སྨད་རྒྱུད་ཀྱི་བཟའ་བཏུང་ལས་རིགས་ཀྱི་འཕེལ་རྒྱས་སྦྲེལ་ཏེ། མཁར་གྲོང་གི་འཛད་སྤྱོད་ཀྱི་བག་ཤུགས་མུ་མཐུད་དུ་ཕྱིར་མངོན་ཏེ། ས་གནས་ཀྱི་དཔལ་བརྟན་འཕེལ་སྤུས་འདེགས་ལ་རོགས་རམ་བྱས། ཁྱབ་སྒྲོག་ཚོགས་འདུར་ཁྲི་ཀ་རྫོང་གི་ཟ་ཁང་དང་མཁོ་འདོན་ཁེ་ལས50ལྷག་ཙམ་ཞུགས་པ་དང་། དེ་ནི་མིག་སྔར་ཁྲི་ཀ་རྫོང་གི་ཚད་གཞི་ཆེས་མཐོ་བ་དང་གཞི་ཁྱོན་ཆེས་ཆེ་བ། ནང་དོན་ཆེས་ཟབ་པའི་མཚོ་སྔོན་གྱི་ཁྱིམ་ཚང་གསོལ་སྟོན་གྱི་ཆེད་དོན་བྱ་འགུལ་ཞིག་ཡིན་པ་དང་། དེས་ཁྲི་ཀའི་ཁྱད་ལྡན་བཟའ་བཏུང་རིག་གནས་ཡུལ་སྐོར་སྤུས་རྟགས་ཅན་དང་ཚད་ལྡན་ཅན། ཐོན་ལས་ཅན་བཅས་ཀྱི་འཕེལ་རྒྱས་དུས་མཚམས་གསར་བ་ཞིག་ཏུ་སླེབས་པ་མཚོན་ཡོད།

ཁྲི་ཀ་རྫོང་འཕེལ་རྒྱས་བཅོས་བསྒྱུར་དང་བཟོ་ལས་ཚོང་དོན་ཆ་འཕྲིན་ཅན་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཡོན་ཐིང་ཁྲའོ་ཡིས་བཤད་རྒྱུར། ཁྲི་ཀའི་ཞིང་ཁྱིམ་གླིང་གི་སྣ་འཛོམས་ཟས་རིགས་དང་རང་ས་གནས་ཀྱི་ཟས་རིགས། དེ་མིན་ཀ་རིང་མཐེབ་ཐུག་སོགས་ཁྱད་ལྡན་ཟས་མཆོག་བཅས་ཀྱིས་སྲོལ་རྒྱུན་དམངས་སྲོལ་ཟས་མཆོག་ཐར་ཐོར་གཉེར་སྐྱོང་གི་རྣམ་པ་དང་ས་གནས་ཀྱི་ཁྱད་ཆོས་མངོན་མི་ཐུབ་པའི་འཕེལ་རྒྱས་ཀྱི་བཀག་རྒྱ་གཏོར་བ་མ་ཟད། དུས་མཉམ་དུ་བྱ་འགུལ་ལས་རྨ་ཀླུང་སྔོན་མོའི་ཡུལ་སྐོར་རྒྱུད་ཀྱི་འཛུགས་སྐྲུན་གྱི་བཀོད་པའི་ནང་མཉམ་འདྲེས་གཏིང་ཟབ་བྱས་ཏེ། ཚོང་དོན་དང་རིག་གནས་ཡུལ་སྐོར། ལུས་རྩལ། བདེ་ཐང་། ཟས་མཆོག་བཅས་མཉམ་འདྲེས་གཏིང་ཟབ་བྱེད་པའི་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་ཞིག་ཧུར་ཐག་གིས་འཚོལ་ཞིབ་བྱས་ནས། རྨ་ཆུའི་སྟོད་སྨད་རྒྱུད་ཀྱི་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་ལ་འབྲེལ་བར་བྱས་ཏེ། ཞིང་ཁྱིམ་དཔལ་འབྱོར་ཁྱད་ཆོས་ཅན་དང་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ཀྱི་བག་ཤུགས་སྔོག་འདོན་བྱས་ནད། མཁར་གྲོང་གི་ནང་མཁོའི་འཛད་སྤྱོད་གསོན་ཤུགས་རྒྱུན་མཐུད་ངང་འདོན་སྤེལ་བྱས་ནས། ས་གནས་ཀྱི་དཔལ་འབྱོར་བརྟན་འཕེལ་སྤུས་འདེགས་འགྲོ་བར་འཕེལ་རྒྱས་ཀྱི་སྒུལ་ཤགས་བསྩལ།

ཐེངས་འདིའི་སྤུས་རྟགས་ཁྱབ་སྒྲོག་བྱ་འགུལ་གྱི་ཁྱད་ཆོས་གཙོ་བོར་དམིགས་ཏེ། ཁྲི་ཀའི་བར་མཚམས་སུ་ཆགས་ཡོད་པའི་མིང་རྒྱལ་རབས་ཀྱི་ལྕགས་རི་རིང་བོ་དང་ལོ་བརྒྱའི་གནའ་བོའི་ལི་སྡོང་སོགས་རང་བྱུང་དང་མི་ཆོས་རིག་གནས་ཀྱི་མཚར་སྡུག་ལ་བརྟེན་ནས། རརྔམ་མཐུག་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་སྐྱེ་ཁམས་ཀྱི་མཛེས་ལྗོངས། ས་གནས་ཀྱི་ཟས་མཆོག་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་བྱས་ཏེ། ཟས་མཆོག་གི་རིག་གནས་ཉམས་ལེན་བྱེད་པའི་རྣམ་པ་བཟང་བོ་ཞིག་བཏོད་ཡོད། དེ་དང་ཆབས་ཅིག་བྱ་འགུལ་ལས་སྲོལ་རྒྱུན་རྒྱུན་འཛིན་དང་ལག་རྩལ་གསར་གཏོད་གཞིར་བཟུང་ནས། ཞིང་ཆེན་རིམ་པའི་ཟས་རིགས་ཆེད་མཁས་པ་དང་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་པ་སྟེ་ས་གནས་ཀྱི་ཇ་མ་བསྡུ་རུབ་བྱས་ནས་ཞིབ་འཇུག་གསར་སྤེལ་ཚོགས་པ་བཙུགས་ཤིང་། དེང་རབས་གཡོས་སྦྱོར་ལག་རྩལ་ལེགས་བཅོས་རིམ་སྤོར་གྱི་ཁྱད་ལྡན་སྔོ་ཚལ་དང་ཟུང་འབྲེལ་བྱས་ཏེ། རྨ་ཆུ་དང་ཙོང་ཆུའི་བཞུར་རྒྱུད་ཀྱི་ཁྱད་ལྡན་བཟའ་བཏུང་གི་བྲོ་བཅུད་རྒྱུན་འཛིན་སྒོས། དེང་རབས་ཀྱི་བདེ་ཐང་བཟའ་བཏུང་གི་འདུ་ཤེས་དང་འཚམ་པར་བྱས་ཡོད་ལ། གཞན་ཡང་བྱ་འགུལ་ལས་ཟས་མཆོག་དེ་ཐོན་ལས་ཀྱི་སྦྲེལ་ཐག་ཏུ་བཟུང་སྟེ། ཞིང་ཕྱུགས་ཐོན་རྫས་དང་གཟུགས་འདས་ཤུལ་བཞག་རིག་གནས་གསར་གཏོད། གནའ་གྲོང་གི་རིག་གནས་ཡུལ་སྐོར་སོགས་ཁྱད་ལྡན་ལས་རྣམ་ཕན་ཚུན་སྦྲེལ་ཏེ། ཐོན་རྫས་ཆེད་འཚོང་ས་ཁུལ་བརྒྱུད་ནས་འཛད་སྤྱོད་སྦྲེལ་ལམ་ཤར་གཏོང་ཐུབ་པར་བྱས་ཤིང་། བྱ་འགུལ་གྱི་འཁོར་རྒྱུག་དེ་ཐོན་ལས་ཀྱི་ཕན་འབྲས་སུ་བསྒྱུར་བ་དང་། གྲོང་གསེབ་ཀྱི་འབབ་འཕར་ཕྱུག་འགྱུར་ལ་རོགས་རམ་བྱས་ཏེ་རིག་གནས་དང་ཡུལ་སྐོར། ཞིང་ལས། བཟའ་བཅའ་བཏུང་བཅས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་བྱས་ཡོད།

ཁྲི་ཀ་རྫོང་ཀ་རིང་ཤང་ཀ་རིང་སྡེ་བའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་ཀྲོའུ་ཡུས་ཧྥུང་གིས་བཤད་རྒྱུར། བྱ་འགུལ་གྱི་ཡུལ་དངོས་སུ་མི་མང་པོ་ཞིག་ལ་ཀ་རིང་མཐེབ་ཐུག་ལ་རྒྱུས་ལོན་བྱེད་དུ་བཅུག་པར་མ་ཟད། ཀ་རིང་མཐེབ་ཐུག་དེ་ཁྲོམ་ར་མང་པོ་ཕྱིར་འཚོང་ཐུབ་པར་བྱས་ཏེ། དེ་ང་ཚོ་ཁྲི་ཀ་རྫོང་གི་མི་དམངས་ཕྱུག་འགྱུར་ལམ་དུ་བསྐྱོད་པའི་ཐབས་ལམ་བཟང་བོ་ཞིག་ཏུ་གྱུར་ཡོད་ཅེས་ཟེར།

ཁྲི་ཀའི་ཞའོ་པའེ་ཞིང་ཁྱིམ་གླིང་གི་འགན་འཁུར་བ་པའེ་ཞིས་ཅོན་གྱིས་བཤད་རྒྱུར། ང་ཚོ་ཞའོ་པའེ་ཞིང་ཁྱིམ་གླིང་འདི་ཁྲི་ཀར་གཞི་ཚུགས་ནས་ལོ་ངོ་མང་པོ་འགོར་ཡོད་དེ། རྨ་ཆུ་དང་ཙོང་ཆུའི་འགྲམ་རྒྱུད་ཀྱི་ཟས་རིགས་ནི་ཞིང་ལས་ཐོན་རྫས་དང་སིལ་ཏོག་རྒྱུ་ཆ་ཡིན་པའི་ཞིང་ཁྱིམ་ཁྱད་ལྡན་ཟས་རིགས་ཡིན་ལ། ཐེངས་འདིའི་མཚོ་སྔོན་གྱི་ཟས་རིགས་གསོལ་སྟོན་བརྒྱུད་དེ་ང་ཚོ་ཁྲི་ཀའི་ཟས་རིགས་དང་མཛེས་ལྗོངས་སོགས་རྒྱལ་ཡོངས་ཀྱི་ས་གནས་སོ་སོར་ངོམས་པ་ཡིན་ཟེར།

ཐེངས་འདིའི་བྱ་འགུལ་ལས་མཐོ་སྒང་གནའ་མཁར་གྱི་ས་གནས་ཟས་མཆོག་དེ་ཁྲོམ་གཞུང་བརྒྱུད་ནས་མང་ཚོགས་ཀྱི་མཐོང་ལམ་དུ་མངོན་ཐུབ་པ་བྱུང་ཡོད། ལོ་ངོ་སྟོང་གི་གནའ་བོའི་གྲོང་ཁྱེར་གྱི་རིག་གནས་དང་ལོ་བརྒྱའི་གནའ་བོའི་ལི་སྡོང་དེ་རྨ་ཆུ་དང་ཙོང་ཆུའི་བཞུར་རྒྱུད་ཀྱི་ཁྱད་ལྡན་བཟའ་བཏུང་གི་བྲོ་བཅུད་དང་འདྲེས་པར་བྱས་ཏེ། ཁྲི་ཀ་རྫོང་གི་ཁྱད་ལྡན་ཟས་མཆོག་གི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་པར་མ་ཟད། ས་གནས་ཀྱི་རིག་གནས་ཡུལ་སྐོར་གྱི་བཟའ་བཏུང་མཉམ་འདྲེས་འཕེལ་རྒྱས་དང་ས་གནས་དཔལ་འབྱོར་གྱི་སྤུས་འདེགས་ནུས་མཐོར་རྨང་གཞི་བརྟན་པོ་བཏིངས་ཡོད།།

热门新闻

热门图库

热门排行