ཁུལ་ཡོངས་ཀྱི་གཙོ་གནད་ལས་གཞིའི་བཀོད་གཏོང་ཚོགས་འདུ་འཚོགས།
ཟླ7པའི་ཚེས20ཉིན། ཁུལ་ཡོངས་ཀྱི་གཙོ་གནད་ལས་གཞིའི་བཀོད་གཏོང་ཚོགས་འདུ་འཚོགས་པ་དང་། ཚོགས་འདུ་ལས་ལེགས་འགྲུབ་བྱུང་མེད་པའི་ལས་གཞིའི་འཕེལ་རིམ་ཇེ་མགྱོགས་དང་གསར་སྐྲུན་ལས་གཞི་སྔ་མོ་ནས་མགོ་རྩོམ་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། མ་གཏོང་གི་ཆད་ལྷག་ཁ་གསབ་གང་ལེགས་བྱས་ཏེ། ལོ་ཧྲིལ་པོའི་ནུས་ཁུངས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ཁག་ལེགས་འགྲུབ་བྱ་དགོས་པའི་བླང་བྱ་བཏོན། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་སུན་ཅུན་ཞ་ཚོགས་འདུར་ཞུགས་ཡོད།
ཚོགས་འདུ་ལས་མཚོ་ལྷོ་ཁུལ་ནི་ཞིང་ཆེན་ཡོངས་ཀྱི་ནུས་ཁུངས་གཙང་མའི་རྟེན་གཞི་གལ་ཆེན་ཡིན་པའི་ཆ་ནས་ལས་གཞི་ལེགས་འགྲུབ་བྱུང་མེད་ཚེ་ནུས་ཁུངས་གསར་པའི་འཕེལ་རྒྱས་ལ་བཀག་རྒྱ་བཟོ་བ་དང་ཐོན་ལས་ཀྱི་འགྲན་རྩོད་ནུས་པ་ཇེ་ཞན་དུ་འགྲོ་སྲིད་པ་དང་། སྡེ་ཚན་ཁག་དང་ཁེ་ལས་ཁག་གིས་ངེས་པར་དུ་ལྷོད་གཡེང་གི་བསམ་ཚུལ་དོར་ནས། རང་འགུལ་ངང་འགག་སྒྲོལ་ལ་ཤུགས་སྣོན་བྱ་དགོས་ཤིང་། མིག་སྔར། ཁུལ་ཡོངས་ཀྱི་ནུས་ཁུངས་གཙང་མའི་ལས་གཞི28ལ་ལོ་ཧྲིལ་པོར་མ་དངུལ་སྒོར་དུང་ཕྱུར135.68གཏོང་འཆར་ཡོད་ལ། ལོ་སྟོད་དུ་སྒོར་དུང་ཕྱུར22.93མ་གཏོགས་བཏང་མེད་པས། ཕྱེད་བརྒལ་གཉིས་ཀྱི་དམིགས་ཚད་ལ་ད་དུང་སྒོར་དུང་ཕྱུར44.91ཆད། ལས་གཞི12ལས་མགོ་ཚུགས་མེད་པ་དང་ཞིང་ཆེན་དང་ཁུལ་གྱིས་བཀོད་གཏོང་ཁྲོད་རྗེས་སུ་ལུས་པའི་ལས་གཞི9ཡོད། ལོ་ཧྲིལ་པོར་སྔོན་དཔག་བྱས་ན་མ་དངུལ་སྒོར་དུང་ཕྱུར52.58ལས་ཟིན་མེད་པ་དང་། མ་གཏོང་ཐད་སྒོར་དུང་ཕྱུར83.1ཆད་ལྷག་བྱུང་ཡོད་པས། གཏན་འཇགས་རྒྱུ་ནོར་གྱི་མ་གཏོང་དཔྱད་ཞིབ་ལ་ཐད་ཀར་ཤུགས་རྐྱེན་ཐེབས་སྲིད་པ་དང་། དུས་མཚུངས་སུ་ཁེ་ལས་མང་པོའི་མ་དངུལ་གཏོང་བ་དོན་ཐོག་ཏུ་འཁྱོལ་མེད་པ་དང་། ལས་གཞི་ཡུན་རིང་བོར་ལུས་པའི་གནད་དོན་ལ་དམིགས་ཏེ། ལས་གཞི་གཅིག་ལ་ཆེད་དོན་ཚན་ཁག་གཅིག་གི་འབྲེལ་མཐུད་བྱེད་པའི་རྒྱུན་རྣམ་ཅན་གྱི་ལམ་སྲོལ་ལག་ལེན་བསྟར་བྱས་ནས། ཁེ་ལས་ཀྱིས་མ་དངུལ་གཏོང་བ་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་། ཁེ་ལས་ཀྱིས་མ་དངུལ་གཏོང་བ་སྔོན་དཔག་བྱེད་ཚད་ཇེ་བརྟན་དུ་གཏོང་དགོས། རྗེས་སུ་ལུས་པའི་ལས་གཞི་ཚང་མར་མགོ་ཁྲིད་ཀྱིས་འགན་གཙོ་བོ་འཁུར་བ་དང་། ཆེད་དོན་ཚན་ཆུང་གིས་སྐུལ་འདེད་གཏོང་བའི་ལམ་སྲོལ་དོན་འཁྱོལ་བྱས་ཏེ། སྡེ་ཚན་སོ་སོའི་མཉམ་འབྲེལ་གྱི་ཡུལ་དངོས་གཞུང་ལས་ལམ་ལུགས་འཛུགས་དགོས། འབྲེལ་ཡོད་རྫོང་དང་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནུས་ཁུངས་སྡེ་ཁག་དང་རང་བྱུང་ཐོན་ཁུངས། ནགས་རྩྭ་སྡེ་ཁག་སོགས་ཀྱིས་ཡུལ་དངོས་སུ་གནད་དོན་སྣ་ཚོགས་ཐག་གཅོད་དང་། རང་འགན་གཞན་དཀྲི་དང་ལྷོད་གཡེང་གི་བསམ་བློའི་གནད་དོན་མཐའ་དག་སེལ་བར་བྱས་ནས། གནད་དོན་ཐག་གཅོད་བྱེད་པའི་དུས་ཚོད་ཇེ་ཐུང་དུ་གཏོང་དགོས། ཐོན་སྐྱེད་བདེ་འཇགས་དེ་ལས་གཞི་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་བྱེད་པ་དང་། ཁེ་ལས་ཀྱི་ཐོན་སྐྱེད་བདེ་འཇགས་ཀྱི་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱེད་པ། སྒྲིག་ཆས་དཔྱང་འཇུག་དང་། ཆུ་གསོག་ཕུག་ལམ། ལ་གཟར་པོའི་བཟོ་སྐྲུན། སྒྲིག་ཆས་སྒྲིག་སྦྱོར་སོགས་ཉེན་ཁ་ཆེ་བའི་ལས་ཀར་དོ་ཁུར་བྱས་ཏེ། རྒྱུན་རྣམ་ཅན་གྱིས་ཉེན་ཁར་གསལ་འབྱེད་དང་བཅོས་སྒྲིག་བྱས་ནས། བདེ་འཇགས་ལས་འཛོལ་མི་ཡོང་བའི་ཚད་གཞི་ནན་སྲུང་དང་། བརྟན་བརླིང་བདེ་འཇགས་ཀྱི་བཟོ་སྐྲུན་ལ་བརྟེན་ནས་མ་དངུལ་གཏོང་བ་རྒྱུན་མི་ཆད་པར་འགན་ལེན་བྱས་ཏེ། ལས་གཞི་ནུས་ལྡན་ངང་སྐུལ་འདེད་གཏོང་བར་ཁག་ཐེག་བྱ་དགོས་ཞེས་བསྟན།