ཞི་ཅིན་ཕིང་གིས་རྨང་གཞིའི་སློབ་གསོའི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་རྨང་གཞིའི་སློབ་གསོའི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་སྟེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། ཏང་ཀྲུང་དབྱང་གིས་རྨང་གཞིའི་སློབ་གསོ་དེ་རྨང་གཞིའི་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་བྱ་བར་བརྩིས་ནས་དམ་འཛིན་བྱས་ཏེ། བྱེད་ཐབས་སྣ་མང་སྤྱད་དེ་རྨང་གཞིའི་སློབ་གསོ་འཕེལ་རྒྱས་ཆེན་པོ་བྱུང་བར་སྐུལ་འདེད་བཏང་བས། སློབ་གསོ་སྟོབས་ལྡན་རྒྱབ་ཁབ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྐྱོད་ལམ་གསར་པའི་སྟེང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ཏེ། ཏང་གི་སློབ་གསོའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་དགོས། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཏང་གི་གསར་གཏོད་གཞུང་ལུགས་སྤྱད་དེ་བློ་སྦྱོང་བསླབ་སྐྱོང་བྱེད་དགོས་པ་དང་། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་དགོས། སློབ་གསོའི་ཆོས་ཉིད་བརྩི་སྲུང་བྱས་ཏེ་བདེ་ཐང་ཨང་དང་པོ་ཡིན་པའི་སློབ་གསོའི་འདུ་ཤེས་ལག་བསྟར་བྱེད་པ་དང་། སློབ་ཁྲིད་སྤུས་ཚད་མཐོ་རུ་བཏང་སྟེ་རྒྱ་ཆེའི་སློབ་མ་རྣམས་ཀྱི་ལུས་སེམས་གཉིས་ཀ་བདེ་ཐང་ཡིན་པ་དང་འཚར་ལོངས་འབྱུང་བར་སྐུལ་འདེད་གཏོང་དགོས། མི་དམངས་མང་ཚོགས་ཀྱི་རེ་འདུན་གསར་པ་དང་བསྟུན་ནས་རྨང་གཞིའི་སློབ་གསོ་རྒྱ་སྐྱེད་དང་སྤུས་ཚད་མཐོར་འདེགས་གཏོང་དགོས་པ་དང་། སློབ་གསོའི་དྲང་སྙོམས་མཐའ་ཚད་བརྟན་སྲུང་བྱེད་དགོས། དགེ་རྒན་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་བསྣན་ནས། བྱང་ཚད་མཐོ་ཞིང་ཆེད་ལས་ཅན་གྱི་དགེ་རྒན་དཔུང་ཁག་གསོ་སྐྱོང་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་བ་དང་། སློབ་གཉེར་ཐོན་ཁུངས་བཀོད་སྒྲིག་ལེགས་སྒྱུར་བྱས་ཏེ། སློབ་གསོའི་ཕྱོགས་བསྡུས་བཅོས་བསྒྱུར་ཟབ་སྤེལ་བྱེད་པ་དང་། སློབ་གྲྭ་དང་ཁྱིམ་ཚང་། སྤྱི་ཚོགས་བཅས་ཕྱོགས་གཅིག་ཏུ་འབད་བརྩོན་བྱས་ཏེ། རྨང་གཞིའི་སློབ་གསོ་འཕེལ་རྒྱས་ཆེན་པོ་འབྱུང་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བསྐྲུན་དགོས།
རྒྱལ་ཡོངས་ཀྱི་རྨང་གཞིའི་སློབ་གསོའི་ལས་དོན་ཚོགས་འདུ་ཟླ7པའི་ཚེས22ཉིན་པེ་ཅིན་དུ་འཚོགས་ཤིང་། ཚོགས་འདུའི་སྟེང་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་ཚོགས་འདུར་ཞུགས་ཏེ་གསུང་བཤད་གནང་།

ཟླ7པའི་ཚེས22ཉིན། རྒྱལ་ཡོངས་ཀྱི་རྨང་གཞིའི་སློབ་གསོའི་ལས་དོན་ཚོགས་འདུ་པེ་ཅིན་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་ཚོགས་འདུར་ཞུགས་ཏེ་གསུང་བཤད་གནང་།
ཏིང་ཞུའེ་ཞང་གིས་གསུང་བཤད་གནང་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དེར་ཆབ་སྲིད་རང་བཞིན་དང་བསམ་བློ་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཆེན་པོ་ལྡན་པས། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་རྨང་གཞིའི་སློབ་གསོ་ཡག་པོ་བསྒྲུབ་པར་ཁ་ཕྱོགས་གསལ་བོ་བསྟན་ཡོད། ང་ཚོས་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་དོན་འཁྱོལ་དམ་འཛིན་བྱེད་དགོས།
ཏིང་ཞུའེ་ཞང་གིས་ནན་གྱིས་བསྟན་དོན། དུས་རབས་གསར་པའི་རྨང་གཞིའི་སློབ་གསོའི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་རྣམ་པ་གསར་པ་ཆགས་ཡོད་པས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་ལྡན་པའི་དོན་སྙིང་ཟབ་མོ་ཤེས་རྟོགས་བྱས་ཏེ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “ཡིད་ཆེས་བཞི”སྲ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱེད་པ་བཅས་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སློབ་གསོ་ཆབ་སྲིད་ཅན་དང་མི་དམངས་ཅན། འཐབ་ཇུས་ཅན་བཅས་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་བབ་གསར་པ་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་དང་འཚམ་པར་བྱས་ནས། རྨང་གཞིའི་སློབ་གསོ་སྤུས་ཚད་མཐོ་བའི་སྒོ་ནས་གོང་འཕེལ་འགྲོ་བར་སྐུལ་འདེད་ཤུགས་ཆེན་གཏོང་དགོས།
ཏིང་ཞུའེ་ཞང་གིས་ནན་གྱིས་བསྟན་དོན། ཏང་གི་སློབ་གསོའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་བློ་སྦྱོང་བསླབ་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། ཀུན་སྤྱོད་སློབ་གསོ་ལྔ་མཉམ་དུ་སྤེལ་བ་དང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སློབ་མ་རྣམས་བདེ་ཐང་ངང་འཚར་ལོངས་འབྱུང་བ་དང་། ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། སློབ་མ་བསྡུ་བ་དང་སློབ་སྦྱོང་ལ་ཞུགས་པར་དོ་དམ་ནན་མོ་བྱས་ཏེ། གྲོང་གསེབ་ཀྱི་གཞིས་ལུས་བྱིས་པ་དང་གྲོང་ཁྱེར་དུ་ལས་ཀ་བྱེད་མཁན་གྱི་བུ་ཕྲུག་ཚོར་སེམས་ཁུར་དང་གཅེས་སྐྱོང་ཡག་པོ་བྱེད་པ་དང་། སློབ་གསོའི་དྲང་གཞག་གི་མཐའ་ཚད་བརྟན་པོ་སྲུང་ནས། རྨང་གཞིའི་སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་དགོས། མི་འབོར་འགྱུར་ལྡོག་ལ་བསྟུན་ནས་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་ལེགས་སྒྱུར་བྱེད་པ་དང་། གྲོན་དངུལ་འགན་སྲུང་དང་། སློབ་གྲྭ་འཛུགས་སྐྲུན། སློབ་གནས་མཁོ་འདོན། དགེ་རྒན་བགོ་བཤའ་སོགས་ཀྱི་ལས་དོན་ལ་གཅིག་འདོམས་ལེགས་པོ་བྱེད་དགོས། སློབ་མའི་འཚར་ལོངས་ལྟེ་བར་བཟུང་ནས་སློབ་གསོ་སློབ་ཁྲིད་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། དྲང་སྲུང་གསར་གཏོད་ཀྱིས་རྨང་གཞིའི་སློབ་གསོར་དགེ་མཚན་གསར་པ་བསྐྲུན་དགོས། མཉམ་ལས་གསོ་སྐྱོང་ལ་ཤུགས་བསྣན་ཏེ། ཕྱོགས་སོ་སོའི་འགན་འཁྲི་གཟབ་ནན་དུ་བཏང་ནས། སློབ་གྲྭ་དང་ཁྱིམ་ཚང་སྤྱི་ཚོགས་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་མི་སྐྱོང་བའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས། དགེ་རྒན་གྱི་སྙིང་སྟོབས་དར་སྤེལ་གཏོང་དགོས་པ་དང་། དགེ་རྒན་གྱི་ཆེད་ལས་བྱང་ཚད་མཐོ་རུ་གཏོང་དགོས་པ། དགེ་རྒན་གྱི་ཐོབ་ཐང་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ། ཕུལ་བྱུང་མི་སྣ་སྔར་ལས་མང་བ་བློ་བདེ་བག་ཕེབས་ངང་སློབ་ཁྲིད་ལས་དོན་སྒྲུབ་པར་ཡིད་དབང་འགུག་དགོས། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོ། སློབ་གྲྭ་བཅས་ཀྱིས་རྩ་འཛུགས་ཐོག་ནས་འགན་ལེན་བྱེད་པ་དང་། གཟེར་འདེབས་སྙིང་སྟོབས་བཅངས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་དགོས།
སློབ་གསོ་པུའུ་དང་། ཀྲུང་དབྱང་སྒྲིག་ཁོངས་གཞུང་ལས་ཁང་། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། ནོར་སྲིད་པུའུ། པེ་ཅིན་གྲོང་ཁྱེར། ཧུའུ་པེ་ཞིང་ཆེན། ཀན་སུའུ་ཞིང་ཆེན། པེ་ཅིན་དགེ་འོས་སློབ་ཆེན་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་སྤེལ་རེས་གཏམ་བཤད་གནང་།
ཧྲི་ཐའེ་ཧྥེང་དང་། ལི་ཧྲུའུ་ལེ། ཝང་ཞའོ་ཧུང་། ཝུའུ་ཀྲེང་ལུང་སོགས་ཚོགས་འདུར་ཞུགས།
ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་སོ་སོ་དང་འཆར་གཞི་ལོགས་བཀར་གྲོང་ཁྱེར། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག འབྲེལ་ཡོད་མི་དམངས་ཚོགས་པ། དམག་དོན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་སྡེ་ཁག སློབ་གསོ་པུའུ་ཡི་ཁོངས་གཏོགས་དགེ་འོས་སློབ་གྲྭ་ཆེན་མོ་དང"རྒྱལ་ཁབ་ཕུལ་བྱུང་འཆར་གཞི"ལག་བསྟར་བྱེད་པའི་སློབ་གླིང་སོ་སོའི་འགན་འཁུར་བློ་མཐུན་སོགས་ཚོགས་འདུར་ཞུགས་ཡོད། །