ཞུང་ཡོན་ལའེ་ཡིས་མཚོ་སྔོན་སློབ་ཆེན་གྱི་སློབ་གཙོ་གཞོན་པ་ཝུའེ་ཅ་ཧྭ་འཁོར་དང་བཅས་པར་ཐུགས་འཕྲད་གནང་བ།
ཟླ7པའི་ཚེས21ཉིན།ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཡིས་མཚོ་སྔོན་སློབ་གྲྭ་ཆེན་མོའི་སློབ་གཙོ་གཞོར་པ་ཝུའེ་ཅ་ཧྭ་འཁོར་དང་བཅས་པར་ཐུགས་འཕྲད་གནང་བ་དང་། ཕྱོགས་གཉིས་ཀྱིས་སྐྱེ་ཁམས་རིན་ཐང་སྤོ་སྒྱུར་ལ་དམིགས་ནས་སློབ་གྲྭ་དང་ཁེ་ལས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་སོགས་ཀྱི་བྱ་བའི་ཐད་བཞུགས་མོལ་བྱས།

བཞུགས་མོལ་ཚོགས་འདུ་ལས་ཆིང་ཧྭ་སློབ་ཆེན་ཆུ་ཁམས་ཚན་རིག་དང་ཆུ་བེད་བཟོ་སྐྲུན་རྒྱལ་ཡོངས་གནད་ཆེའི་ཚོད་ལྟ་ཁང་གི་ཞིབ་འཇུག་པ་གཞོན་པ་ཀྲང་ཧྲེན་གྱིས་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་སྙིང་པོར་བཟུང་ནས། སྐྱེ་ཁམསGDPམངོན་འགྱུར་བྱེད་པའི་བགྲོད་ལམ་གྱི་ཆེད་དོན་སྙན་ཞུ་ཕུལ། གཞུང་ལུགས་ཀྱི་སྒྲོམ་གཞི་དང་ལག་ལེན་གྱི་དཔེ་རྣམ། ལས་རིགས་ཀྱི་དཔེ་མཚོན་སོགས་ཀྱི་ངོས་ནས་སྐྱེ་ཁམས་ཐོན་སྐྱེད་རིན་ཐང་སྤྱི་འབོར་གྱི་རྩིས་ལེན་མ་ལག་དང་བསྒྱུར་བཀོད་ཀྱི་ཐབས་ལམ། ལས་རིགས་ཀྱི་གཞི་རྟེན་སོགས་གྱི་དོན་སྙིང་རྣམས་བརྒྱུད་རིམ་ལྡན་པའི་སྒོ་ནས་འགྲེལ་བཤད་བྱས་པ་དང་། མཐོ་སྒང་སྐྱེ་ཁམས་ཐོན་ཁུངས་ཀྱི་དགེ་མཚན་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་དགེ་མཚན་ལ་བསྒྱུར་བའི་དཔེ་རྣམ་བཏོན་ཏེ། མཚོ་ལྷོ་ཁུལ་གྱིས་སྐྱེ་ཁམས་རིན་ཐང་བསྒྱུར་བཀོད་ལ་འཚོལ་ཞིབ་བྱེད་པར་ཆེད་ལས་ཀྱི་བསམ་ཕྱོགས་མཁོ་འདོན་བྱས།
ཞུང་ཡོན་ལའེ་ཡིས་ཝུའེ་ཅ་ཧྭ་འཁོར་དང་བཅས་པས་མཚོ་ལྷོ་ཁུལ་དུ་རྟོག་ཞིབ་དང་བྱ་བར་སྦྲེལ་མཐུད་གནང་བར་ཐུགས་རྗེ་ཆེ་ཞུས། མཚོ་ལྷོ་ཁུལ་དེ་རྨ་ཆུའི་སྟོད་རྒྱུད་ཀྱི་ལྟེ་བའི་ཆུ་ཁུངས་སྲུང་སྐྱོང་ཁུལ་དུ་གནས་ཡོད་པས། ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དང་གཙང་པོ། མཚེའུ།བརླན་ས།ནུས་རྒྱུ་གཙང་མའི་རྟེན་གཞི་སོགས་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཐོན་ཁུངས་ཀྱི་རིན་ཐང་གཞན་སྒྱུར་གྱི་རྨང་གཞི་བརྟན་པོ་ཡོད་ཅེས་བསྟན། སླད་ཕྱིན་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་དང་། མཚོ་སྔོན་སློབ་ཆེན་གྱི་རིག་ཚན་དང་ཤེས་ལྡན་པ་སྐྱེད་སྲིང་ལ་གཞི་བཅོལ་ཏེ། ཆིང་ཧྭ་སློབ་ཆེན་གྱི་རྒྱལ་ཡོངས་གཙོ་གནད་ཚོད་ལྟ་ཁང་གི་ཚན་ཞིབ་ཐོན་ཁུངས་དང་མཉམ་འབྲེལ་བྱེད་པ། ཐཱན་འདུས་ཉོ་འཚོང་དང་། མཐོ་སྒང་གི་ཁྱད་ལྡན་ཞིང་ཕྱུགས་ལས།ལྗང་མདོག་གློག་ཤུགས་དཔལ་འབྱོར་སོགས་རྣམ་པ་མང་བའི་ལས་རིགས་དང་ཟུང་འབྲེལ་བྱེད་པ། རིམ་པ་མང་བའི་ཐོན་སློབ་ཞིབ་གསུམ་མཉམ་ལས་ཇེ་ཟབ་ཏུ་གཏོང་བ། སྐྱེ་ཁམས་ཀྱི་ཚད་གཞི་བརྟན་པོར་སྲུང་བའི་རྨང་གཞིའི་སྟེང་དོན་འཁྱོལ་བྱེད་པ། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ཐབས་ལམ་འཚོལ་ཞིབ་བྱེད་པ་བཅས་བྱས་ནས་སྐྱེ་ཁམས་ཀྱི་ཕན་ཁེ་མངོན་འགྱུར་ཡོང་བའི་རེ་བ་ཡོད་ཅེས་བསྟན།
ཝུའེ་ཅ་ཧྭ་ཡིས་མཚོ་སྔོན་སློབ་ཆེན་གྱིས་ས་གནས་ཀྱི་སྐྱེ་མཁས་དཔལ་འབྱོར་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་འབྲེལ་ཡོད་ཚན་རིག་ཞིབ་འཇུག་གི་བཀོད་སྒྲིག་ངོ་སྤྲོད་གནང་ཞིང་། ཁོས་མཚོ་ལྷོ་ཁུལ་གྱི་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་ལ་རྨང་གཞི་ཡོད་པ་དང་མི་མངོན་པའི་སྟོབས་ཤུགས་ལྡན་ལ་མདུན་ལམ་ཡང་ཡོད་པས། རྗེས་ཕྱོགས་མཚོ་ལྷོ་ཁུལ་གྱི་འཕེལ་རྒྱས་རེ་ཞུར་དམ་པོར་དམིགས་པ་དང་ཆིང་ཧྭ་སློབ་ཆེན་གྱི་གཙོ་གནད་ཚོད་ལྟ་ཁང་གི་རྩེ་གྲའི་ཚན་རིག་ཞིབ་འཇུག་གྲུབ་འབྲས་ལ་བརྟེན་ནས་དངོས་སྤྱོད་རང་བཞིན་ཆེ་བའི་སྐྱེ་ཁམས་རིན་ཐང་གཞན་བསྒྱུར་ཇུས་གཞི་ཇུས་འགོད་བྱས་ཏེ། ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་དེ་ཚོད་ལྟ་ཁང་བརྒལ་ནས་རྩྭ་ཐང་དང་འབྲོག་ཁུལ་དུ་ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ནས། མཚོ་ལྷོ་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་ཕྱོགས་གཉིས་ཀར་ཕན་པའི་ལམ་བུ་ཞིག་ཏུ་བསྐྱོད་པར་རམ་འདེགས་བྱ་རྒྱུ་ཡིན་ཟེར།
ཁུལ་གྱི་མགོ་ཁྲིད་ཏེང་ཧྲེང་ཕེང་ཐུག་འཕྲད་ལ་ཞུགས།