ཞི་ཅིན་ཕིང་གིས་ཁྲུང་ཆིང་ཕེང་ཧྲུའེ་རྫོང་གི་རི་ཉིལ་བའི་དོན་རྐྱེན་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་བ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས17ཉིན་གྱི་ཆུ་ཚོད9དང་སྐར་མ10ཙམ་ལ། ཁྲུང་ཆིང་ཕེང་ཧྲུའེ་རྫོང་ཧན་དབྱི་ཁྲོམ་གཞུང་དུ་རི་ཉིལ་ནས་མི་མང་པོ་ས་འོག་ཏུ་མནན།
གནོད་སྐྱོན་བྱུང་རྗེས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་འབྲེལ་མཛུབ་སྟོན་གལ་ཆེན་བསྟན་དོན། ཁྲུང་ཆིང་ཕེང་ཧྲུའེ་རྫོང་དུ་རི་ཉིལ་ནས་མི་མང་པོ་འབྲེལ་ཆད་བྱུང་། ཚན་རིག་དང་མཐུན་པའི་སྒོ་ནས་འཚོལ་སྐྱོབ་བྱས་ཏེ་ཞོར་ཐོན་གནོད་འཚེ་སྔོན་འགོག་བྱས་ནས་རྨས་མ་སྐྱོབ་བཅོས་དང་རྗེས་འཇུག་ཐག་གཅོད་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས། རྒྱུ་རྐྱེན་རྩད་ཆོད་པ་དང་ཟུར་བསྟན་ལེབ་མཐོང་གིས་ས་གཤིས་གནོད་འཚེ་སོགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་གཏིང་ཟབ་བྱས་ནས་མེད་པར་བཟོ་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཚན་སོ་སོས་བདེ་འཇགས་ལས་དོན་གྱི་འགན་འཁྲི་སྔར་བས་དོན་འཁྱོལ་བྱེད་དགོས། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ་དང་སྐོར་ཞིབ་ཉེན་སེལ་ལ་ཤུགས་སྣོན་པ་དང་། ལས་དོན་སོ་སོ་དམ་འཛིན་ཏན་ཏིག་དང་ཞིབ་ཚགས་བྱ་དགོས། མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་སྲུང་ཏན་ཏིག་བྱ་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས་བསྟན་དོན། ཁྲུང་ཆིང་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས་རོགས་སྐྱོབ་ཐག་གཅོད་དང་། རྨས་མ་སྐྱོབ་བཅོས། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་སོགས་ལ་མཛུབ་ཁྲིད་དང་རོགས་རམ་བྱེད་དགོས་པ་མ་ཟད། ཞོར་ཐོན་གནོད་འཚེ་སྔོན་འགོག་ནན་པོ་བྱེད་དགོས། ས་གནས་སོ་སོ་དང་འབྲེལ་ཡོད་ཕྱོགས་སོ་སོས་འགན་འཁྲི་སྔར་བས་གཟབ་ནན་དུ་བཏང་ནས། མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ཏེ། གནོད་འཚེ་སྔོན་འགོག་དང་ཁ་གཏད་གང་ལེགས་གཅོག་དགོས།
ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ལི་ཆང་གི་བླང་བྱ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིང་གིས་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བློ་མཐུན་གྱི་སྣེ་ཁྲིད་ནས་ཡུལ་དངོས་སུ་བསྐྱོད་དེ་རོགས་སྐྱོབ་ཐག་གཅོད་ལས་དོན་ལ་མཛུབ་ཁྲིད་གནང་། ཁྲུང་ཆིང་གིས་སྟོབས་ཤུགས་གཅིག་བསྡུ་བྱས་ནས་འཚོལ་སྐྱོབ་དང་། རྨས་མ་སྐྱོབ་བཅོས། འདས་འཇུག་ཐག་གཅོད་སོགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས། མིག་སྔར་འབྲེལ་ཡོད་ལས་དོན་སྒྲུབ་བཞིན་པའི་སྒང་རེད། །