ཀྲུང་ཧྭའི་ཁོར་སྲུང་དུས་རབས་ཀྱི་འགྲུལ་བཞུད་ཅེས་པའི2026ལོའི་དྲིལ་བསྒྲགས་བྱེད་སྒོ་མཚོ་སྔོན་དུ་སྤེལ་འགོ་བརྩམས།
རྒྱལ་ཡོངས་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིང་གིས་གཙོ་སྐྱོང་བྱས་པའི་ཀྲུང་ཧྭའི་ཁོར་སྲུང་དུས་རབས་ཀྱི་འགྲུལ་བཞུད་ཅེས་པའི2026ལོའི་དྲིལ་བསྒྲགས་བྱེད་སྒོ་དེ་ཟླ་བདུན་པའི་ཚེས་བཅུ་དགུ་ཉིན་ཟི་ལིང་དུ་སྤེལ་འགོ་བརྩམས། ད་ལོའི་དྲིལ་བསྒྲགས་བྱེད་སྒོའི་བརྗོད་དོན་ནི“སྐྱེ་ཁམས་ཁོར་ཡུག་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་དང་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ལ་ཤུགས་སྣོན་བྱེད”ཅེས་པ་དེ་རེད།
རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ཉིན་དེའི་འགོ་རྩོམ་མཛད་སྒོའི་སྟེང་ངོ་སྤྲོད་བྱས་དོན། ད་ལོའི་ཀྲུང་ཧྭའི་ཁོར་སྲུང་དུས་རབས་ཀྱི་འགྲུལ་བཞུད་ཅེས་པའི་དྲིལ་བསྒྲགས་བྱེད་སྒོ་རབ་མཛེས་མཚོ་སྔོན་དུ་བསྐྱོད། དེའི་ལས་འགན་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་བཅའ་ཁྲིམས་ཕྱོགས་བསྒྲིགས་ཁྱབ་བསྒྲགས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ། ཁྲིམས་བཟང་སྐྱོང་མཁས་ཀྱིས་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཡིན། མཚོ་བོད་མཐོ་སྒང་སྐྱེ་ཁམས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་ནང་དོན་གལ་ཆེན་དང་བླང་བྱ་གསལ་པོ་ཞིག་ཡིན་པས། མཚོ་སྔོན་གྱིས་མཚོ་བོད་མཐོ་སྒང་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་གྲུབ་འབྲས་དང་ཉམས་མྱོང་དྲིལ་བསྒྲགས་བྱ་རྒྱུ་དེ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་སྒྲོག་སྤེལ་དོན་འཁྱོལ་བྱེད་པ་དང་ཟུང་འབྲེལ་དམ་ཟབ་བྱས་ནས། ཏང་གི་འགོ་ཁྲིད་འོག་དུས་རབས་གསར་པར་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ཐོབ་པའི་རླབས་ཆེན་གྲུབ་འབྲས་དྲིལ་བསྒྲགས་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱིས་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་ངོས་འཛིན་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་བ་དང་། ཐུན་མོང་ཐོག་མཛེས་པའི་ཀྲུང་གོ་བསྐྲུན་རྒྱུར་འབད་བརྩོན་ལྷོད་མེད་བྱེད་རྒྱུ་ཡིན་ཞེས་བསྟན།
མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་གི་ལས་ཡུལ་དང་པོར་བྱ་བ་སྒྲུབ་མཁན་གྱི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་རྣམས་ཀྱིས་འགོ་རྩོམ་མཛད་སྒོའི་སྟེང་དོན་དངོས་གནས་ཚུལ་ལ་གཞིགས་ནས་མཚོ་སྔོན་ཞིང་ཆེན་གྱིས་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་སོགས་ཕྱོགས་གང་ཅིའི་ཐད་ཤུགས་སྣོན་བྱས་པའི་སྐོར་ངོ་སྤྲོད་བྱས།
རྒྱུས་ལོན་པ་ལྟར་ན། ཀྲུང་ཧྭའི་ཁོར་སྲུང་དུས་རབས་ཀྱི་འགྲུལ་བཞུད་ཅེས་པའི་དྲིལ་བསྒྲགས་བྱེད་སྒོ་ནི1993ལོ་ནས་སྤེལ་འགོ་བརྩམས་པ་དང་། ད་ལྟའི་བར་དུ་ལོ་ངོ་སུམ་ཅུ་ལྷག་ཙམ་ཕྱིན་ཡོད། དེ་ནི་རང་རྒྱལ་གྱིས་སྐྱེ་ཁམས་དཔལ་ཡོན་ཁྲིམས་ལུགས་དྲིལ་བསྒྲགས་ཁྱབ་ཁོངས་སུ་ཤུགས་རྐྱེན་རྒྱ་ཆེ་བ་དང་སྤྱི་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱེད་པའི་ཚོང་རྟགས་གལ་ཆེན་ཞིག་ཡིན། ཐེངས་འདིའི་དྲིལ་བསྒྲགས་བྱེད་སྒོ་ལ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིང་དང་། ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་། རྒྱལ་ཡོངས་དམངས་ཆེན་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་། སྐྱེ་ཁམས་ཁོར་ཡུག་པུའུ་སོགས་འབྲེལ་ཡོད་སྡེ་ཁག་མཉམ་དུ་ཞུགས་ཡོད། མི་དམངས་ཉིན་རེའི་ཚགས་པར་དང་། ཤིན་ཧྭ་གསར་འགྱུར་ཁང་། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བཅས་ཀྲུང་དབྱང་གི་སྨྱན་སྦྱོར་གཙོ་བོ་ཁག་དང་། གྲོང་ཁྱེར་གྱི་སྨྱན་སྦྱོར་ཁག་ཅིག། མཚོ་སྔོན་ས་གནས་ཀྱི་སྨྱན་སྦྱོར་བཅས་ཀྱིས་གནས་ཚུལ་སྐོར་བཅར་འདྲི་བྱས། མཛད་སྒོ་གྲོལ་རྗེས་བཅར་འདྲི་ཚོགས་པ་ཟི་ལིང་གྲོང་ཁྱེར་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་སུ་བསྐྱོད་དེ་ཡུལ་དངོས་བཅར་འདྲི་བྱེད་རྒྱུ་རེད།