ཨ་རི་དང་དབྱི་ལང་ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་དམིགས་འབེན་ལ་མུ་མཐུད་རྡུང་རྡེག་བཏང་། དབྱི་ལང་ཕྱོགས་ཀྱིས་ཨ་རིས་ཁས་ལེན་དང་རྒྱབ་འགལ་བྱས་པས་བསམ་ཤེས་དྲན་ཐོ་ལག་བསྟར་བྱེད་མཚམས་བཞག་པར་བསྟན།
ཨ་རིའི་ཀྲུང་དབྱང་དམག་སྤྱི་ཁང་གིས་ཚེས18ཉིན་བསྟན་དོན། ཨ་རིའི་དམག་དཔུང་གིས་བསྟུད་མར་ཉིན་བརྒྱད་ཀྱི་དགོང་མོར་དབྱི་ལང་ལ་བར་སྣང་འཇབ་རྒོལ་བྱས་པས། དབྱི་ལང་གི་མཚོ་འགྲམ་དམག་དོན་ལྟ་ཞིབ་དང་མཁའ་ཟོན་སྒྲིག་བཀོད། མཚོ་ཐོག་དམག་འཐབ་སྒྲིག་བཀོད། དེ་མིན་འཕུར་མདེལ་དང་མི་མེད་གནམ་གྲུའི་གསོག་ཉར་ས་ཚིགས་བཅས་ལ་རྡུང་རྡེག་བཏང་། ཨ་རིའི་དམག་དཔུང་གིས་ད་དུང་ཚེས17ཉིན་ཨ་རིའི་དམག་དཔུང་གི་ཅོར་ཏན་གྱི་དམག་དོན་རྟེན་གཞིར་འཇབ་རྒོལ་བྱེད་མཁན་དབྱི་ལང་དབྱི་སི་ལན་གསར་བརྗེའི་སྐུ་སྲུང་དམག་དཔུང་ལ་རྡུང་རྡེག་བཏང་། ཨ་རིའི་དམག་དཔུང་གིས་བསྟན་དོན། ཨ་རིའི་དམག་མི་གཉིས་ལ་ཚེས17ཉིན་ཅོར་ཏན་གྱི་མངའ་ཁོངས་སུ་དབྱི་ལང་གི་འཕུར་མདེལ་དང་མི་མེད་གནམ་གྲུའི་འཇབ་རྒོལ་ཕོག་ནས་ཚེ་ལས་འདས། ཨ་རིའི་དམག་མི་གཅིག་གར་སོང་ཆ་མེད་དུ་གྱུར། གཞན་ཡང་ཨ་རིའི་དམག་མི་བཞི་སྨན་བཅོས་བྱེད་པར་བསྐྱལ།
ཨ་རིའི་སྨྱན་སྦྱོར་གྱིས་ཚེས18ཉིན་གནས་ཚུལ་སྤེལ་དོན། འདས་ཟིན་པའི་ཉིན་ལྔའི་ནང་དབྱི་ལང་གིས་ཅོར་ཏན་དུ་ཡོད་པའི་ཨ་རིའི་དམག་དཔུང་རྟེན་གཞིར་འཇབ་རྒོལ་ཐེངས་བཞི་བྱས་པ་དེའི་ཐོག་ནས་དབྱི་ལང་གི་མདེལ་མཛོད་གསོག་ཉར་སྔར་བཞིན་འདང་ངེས་ཡོད་པ་མཚོན།
དབྱི་ལང་དམག་ཕྱོགས་ཀྱིས་ཚེས་བཅུ་དགུ་ཉིན་གསལ་བསྒྲགས་སྤེལ་དོན། མི་མེད་གནམ་གྲུ་སྤྱད་དེ་ཨ་རིའི་དམག་དཔུང་གི་ཁུ་ཝེ་ཐེ་རུ་ཡོད་པའི་མདེལ་མཛོད་དང“རྒྱལ་གཅེས་པའི”མཁའ་ཟོན་མ་ལག་ལེ་ཏ་ལ་རྡུང་རྡེག་བཏང་། དབྱི་ལིང་སྨྱན་སྦྱོར་གྱིས་ཚེས18ཉིན་གནས་ཚུལ་སྤེལ་དོན། ཧོ་འར་མུའུ་ཚི་ཀན་ཞིང་ཆེན་ཅ་སི་ཁེ་གྲོང་ཁྱེར་ནུབ་རྒྱུད་ཀྱི་པིན་ཅི་མཚོ་ཆུ་ཚྭ་མེད་དུ་སྒྱུར་བའི་བཟོ་གྲྭར་ཨ་རིའི་དམག་གི་འཇབ་རྒོལ་ཕོག་པས་མཐའ་འཁོར་གྱི་གྲོང་མི་ཆིག་ཁྲི་ལ་ཉེ་བའི་ཆུ་ཆད་པ་རེད། དབྱི་ལང་འཕྲོད་བསྟེན་པུའུ་ཡིས་གསལ་བསྒྲགས་སྤེལ་དོན། ཟླ6པའི་ཚེས་27ཉིན་ནས་བཟུང་། ཨ་རིའི་དམག་གི་འཇབ་རྒོལ་ལས་དབྱི་ལང་གི་མི་ཉུང་མཐར་ཡང་ལྔ་བཅུ་རྐྱེན་ལམ་དུ་ཤོར་བ་དང་མི་ལྔ་བརྒྱ་ལ་ཉེ་བར་རྨས་སྐྱོན་ཕོག་ཡོད་པར་བསྟན།
དབྱི་ལང་གི་ཆེས་མཐོའི་གཙོ་འཛིན་མུའུ་ཅེ་ཐ་པས་ཚེས18ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཨ་རིས་དབྱི་ལང་བར་བཞག་པའི་བསམ་ཤེས་དྲན་ཐོར་ཐེངས་མང་རྒྱབ་འགལ་བྱས། དེས་ཨ་རིའི་སྲིད་འཛིན་གྱིས་མིང་རྟགས་བཀོད་པར“རིན་ཐང་སྤུ་ཙམ་ཡང་མེད་པ་དང་གོ་མི་ཆོད་པ”ར་སྤྲོད་བྱས་ཡོད། དབྱི་ལང་ཕྱི་འབྲེལ་པུའུ་ཀྲང་གཞོན་པ་ཅ་ལི་པ་པ་ཏི་ཡིས་བསྟན་དོན། ཨ་རིས་ཁས་ལེན་ལ་རྒྱབ་འགལ་བྱས་རྗེས། དབྱི་ལང་གིས་ཨ་རིར་བསམ་ཤེས་དྲན་ཐོ་ལག་བསྟར་བྱེད་མཚམས་བཞག་ཟིན།