རྒྱལ་སྤྱི། 详情

ཝང་ཧུའུ་ཉིང་གིས་ཁྲའོ་ཞན་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་གནང་བ།

   ཟླ7པའི་ཚེས15ཉིན་ནས་ཚེས17ཉིན་བར། ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཁྲའོ་ཞན་དམངས་གཙོ་རིང་ལུགས་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གི་གདན་ཞུ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཀྲུང་གོའི་ཏང་སྲིད་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་ནས་ཁྲའོ་ཞན་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་གནང་།

   ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཁྲའོ་ཞན་དམངས་གཙོ་རིང་ལུགས་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གི་གདན་ཞུ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཟླ7པའི་ཚེས15ཉིན་ནས་ཚེས17ཉིན་བར། ཀྲུང་གོའི་ཏང་སྲིད་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་ནས་ཁྲའོ་ཞན་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་གནང་། ཕིང་རང་དུ་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་ལ་ཐུག་འཕྲད་གནང་བ་དང་། ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ། རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། ནང་སྲིད་ཙུང་ལི་ཕེའོ་ཐའེ་ཁྲེན་དང་མཉམ་དུ《ཀྲུང་ཁྲའོ་མཛའ་མཐུན་མཉམ་ལས་རོགས་རེས་ཆིངས་ཡིག》བཞག་ནས་ལོ65འཁོར་བའི་རྗེས་དྲན་སྣེ་ལེན་ཚོགས་འདུར་ཞུགས་ཤིང་། ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་གི་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ། ཀྲུང་དབྱང་ཧྲུའུ་ཅི། རྩ་འཛུགས་མཛུབ་སྟོན་པུའུ་ཡི་པུའུ་ཀྲང་ཀྲའོ་ཡུང་ཡོན་དང་གྲོས་མོལ་གནང་།

   ཅིན་ཀྲེང་ཨེན་ལ་ཐུག་འཕྲད་གནང་སྐབས། ཝང་ཧུའུ་ཉིང་གིས་བསྟན་དོན། ད་ལོ་ནི《ཀྲུང་ཁྲའོ་མཛའ་མཐུན་མཉམ་ལས་རོགས་རེས་ཆིངས་ཡིག》བཞག་ནས་ལོ་འཁོར65ལོན་པའི་ལོ་རེད། ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲའོ་ཞན་ལ་རྒྱལ་དོན་འཚམས་འདྲི་གནང་བ་ཧ་ཅང་བདེ་བླག་བྱུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེང་ཨེན་དང་མཉམ་དུ་དུས་ཡུན་རིང་པོར་བརྗེ་རེས་གཏིང་ཟབ་གནང་བ་དང་། ཐུན་མོང་གི་ངོས་འཛིན་གལ་ཆེན་རབ་དང་རིམ་པ་བྱུང་སྟེ། དུས་སྐབས་གསར་པའི་ཀྲུང་ཁྲའོ་འབྲེལ་བའི་འཕེལ་རྒྱས་ལ་མཛེས་སྡུག་ལྡན་པའི་འཆར་གཞི་བཀོད་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་སྒུལ་ཤུགས་ཆེན་པོ་བསྩལ། ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་ཕྱོགས་དང་མཉམ་དུ། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་མགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་ལག་བསྟར་དང་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། ཆེས་མཐོའི་མགོ་ཁྲིད་པའི་འགྲོ་འོང་གི་འཐབ་ཇུས་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། བྱེད་ཐབས་སྣ་མང་ལ་བརྟེན་ནས་ཏང་གཉིས་བར་སྤེལ་རེས་དང་འགྲོ་འོང་དམ་ཟབ་བྱེད་པ། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ཀྱི་ཕན་འབྲས་སྔར་ལས་ཇེ་མཐོར་གཏོང་བ་བཅས་བྱས་ཏེ། ཀྲུང་ཁྲའོ་མཛའ་མཐུན་གྱི་དམངས་འདོད་རྨང་གཞི་མུ་མཐུད་དུ་ཇེ་བརྟན་དུ་གཏོང་འདོད་ཡོད།

   ཅིན་ཀྲེང་ཨེན་གྱིས་བསྟན་དོན།《ཁྲའོ་ཀྲུང་མཛའ་མཐུན་མཉམ་ལས་རོགས་རེས་ཆིངས་ཡིག》བཞག་པ་དེས་ཁྲའོ་ཀྲུང་འབྲེལ་བའི་འཐབ་ཇུས་ཀྱི་ངོ་བོ་ཁ་གསལ་བཟོས་ནས་ཕྱོགས་གཉིས་ཀྱི་འབྲེལ་བའི་འཐབ་ཇུས་ཀྱི་ཁ་ཕྱོགས་འགན་སྲུང་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་སྔོན་ཁྲའོ་ཞན་ལ་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་གནང་བ་དེ་ཁྲའོ་ཞན་དང་ཀྲུང་གོའི་འབྲེལ་བ་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་འབྲེལ་བའི་དཔེ་མཚོན་བསྐྲུན་པའི་ལམ་ཚད་རྡོ་རིང་ལྟ་བུར་གྱུར། ཁྲའོ་ཞན་ཕྱོགས་ཀྱིས་ཁྲའོ་ཀྲུང་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་འཐབ་ཇུས་ཀྱི་ལས་དོན་གལ་ཆེན་དུ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཆིངས་ཡིག་གི་དགོངས་དོན་མུ་མཐུད་དུ་དར་སྤེལ་དང་རྒྱུན་འཛིན་བྱས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལྷག་པའི་བདེ་སྐྱིད་བསྐྲུན་དགོས།

   ཀྲའོ་ཡུང་ཡོན་དང་གྲོས་མོལ་གནང་སྐབས་ཝང་ཧུའུ་ཉིང་གིས་བསྟན་དོན། ཀྲུང་གོ་དང་ཁྲའོ་ཞན་གྱིས་ཆིངས་ཡིག་ལ་མིང་རྟགས་བཀོད་པའི་རྗེས་དྲན་བྱེད་སྒོ་གཟབ་རྒྱས་ངང་སྤེལ་བ་དེས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པས་ཀྲུང་གོ་དང་ཁྲའོ་ཞན་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་དང་ཆོད་སེམས་བརྟན་པོ་བཅངས་པ་མཚོན། ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་མཐུན་རྒྱུན་འཛིན་ཡག་པོ་བྱས་ཏེ། ཀྲུང་གོ་དང་ཁྲའོ་ཞན་གྱི་འབྲེལ་བ་སྔར་ལས་མཐོ་བའི་ཆུ་ཚད་དུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། དེ་དང་ཆབས་ཅིག་ཝང་ཧུའུ་ཉིང་གིས་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པའི་དོན་སྙིང་ངོ་སྤྲོད་གནང་།

   ཀྲའོ་ཡུང་ཡོན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེང་ཨེན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛའ་བརྩེ་ཟབ་མོ་དང་འཐབ་ཇུས་ཀྱི་སྣེ་ཁྲིད་ནི་ཁྲའོ་ཀྲུང་འབྲེལ་བའི་རྩ་བའི་རྨང་རྡོ་དང་འཛད་མཐའ་མེད་པའི་སྒུལ་ཤུགས་ཡིན། ཁྲའོ་ཞན་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་འདོད་བློ་ལྟར་རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་མཉམ་དུ་སྐུལ་འདེད་གཏོང་རྒྱུ་ཡིན།

   འཚམས་འདྲིའི་སྐབས་སུ། ཝང་ཧུའུ་ཉིང་གིས་ད་དུང་ཀྲུང་ཁྲའོ་མཛའ་མཐུན་མཆོད་རྟེན་ལ་ཐུག་པ་དང་ཕིང་རང་གྲོང་ཁྱེར་ཧྲོན་ཨན་གྱི་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་བང་སོར་མཆོད་འབུལ་གནང་བར་ཕེབས་པ་མ་ཟད། ཅིན་ཞིའུ་རི་བོའི་ཉི་མའི་ཕོ་བྲང་དང་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་གི་ལས་བྱེད་པའི་སློབ་གྲྭར་གཟིགས་སྐོར་གནང་།

   ཝང་ཧུའུ་ཉིང་ད་དུང་ཡོན་ཧྲན་གྲོང་ཁྱེར་དུ་རྟོག་ཞིབ་འཚམས་འདྲི་གནང་བར་ཕེབས་པ་དང་། ཀྲའོ་ཡུང་ཡོན་སོགས་ཀྱིས་ཕེབས་རོགས་བྱས།

   ཝང་ཏུང་ཧྥེང་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས། །


热门新闻

热门图库

热门排行