གནས་ཚུལ། 详情

ཁྲི་ཀ་རྫོང་འཕྲང་དམར་གྲོང་བརྡལ་གྱིས་སྐྱེ་ཁམས་སྲུང་སྐྱོང་ལ་གྲུབ་འབྲས་བཟང་བོ་བླངས།

ཉེ་བའི་ལོ་ཤས་རིང་།ཁྲི་ཀ་རྫོང་འཕྲང་དམར་གྲོང་བརྡལ་གྱིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་གྱི་སྐྱེ་ཁམས་བཅོས་སྐྱོང་བྱེད་པ་དང་མང་ཚོགས་ཀྱི་རང་སྐྱོང་བྱེད་སྟངས་ལ་བརྟེན་ནས་རྒྱུན་རྣམ་ཅན་གྱི་ཆུ་བོ་དང་མཚེའུ་ཡི་སྐྱེ་ཁམས་དོ་དམ་སྲུང་སྐྱོང་བྱས་པས་མཐོ་སྒང་གི་སྐྱེ་ཁམས་ཀྱི་སྤུས་ཚད་དང་གྲོང་གསེབ་རིག་གནས་ཡུལ་སྐོར་གྱི་ཕན་འབྲས་ཆེ་རུ་གཏོང་བ།  མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་ཀྱི་ཐད་འཕེལ་རྒྱས་ཀྱི་གྲུབ་འབྲས་བཟང་པོ་བླངས་ཡོད།  

འཕྲང་དམར་གྲོང་བརྡལ་བདུད་ཤུལ་སྡེ་བ་ནི་ཕྱུགས་ལས་རྐྱང་པ་གཉེར་བའི་སྡེ་བ་ཞིག་སྟེ་རང་བྱུང་རྩྭ་ས་མུའུ་ཁྲི36ཡོད་པ་དང་།  གོ་རའི་མཚོ་དམར་གྱི་སྐྱེ་ཁམས་ཆུ་ཁོངས་ནི་སྡེ་བ་ཡོངས་ཀྱི་སྐྱེ་ཁམས་ཐོན་ཁུངས་གཙོ་བོ་ཞིག་ཡིན།  སྔོན་ཆད་ས་བབ་མཐོ་ལ་གྲང་ངར་ཆེ་བའི་དབང་གིས་སྡེ་བ་དེའི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གཅིག་རྐྱང་ཡིན་པ་དང་།  དབུལ་ཐར་ཁྱིམ་ཚང་དང་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་གི་འབབ་འཕར་གྱི་དཀའ་གནད་འབུར་ཐོན་ཡིན་ལ། སྤུས་ལེགས་པའི་རི་ཆུའི་ཐོན་ཁུངས་དང་འབྲོག་པའི་དམངས་སྲོལ་ལ་བརྟེན་ནས་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་འཕེལ་རྒྱས་ཀྱི་ཁ་ཕྱོགས་འཚོལ་བ་དང་སྐྱེ་ཁམས་གཙོར་བཞག་སྟེ།  སྐྱེ་ཁམས་ཀྱི་དགེ་མཚན་དེ་དམངས་ཕྱུག་ཐོན་ཁུངས་སུ་འགྱུར་བར་སྐུལ་འདེད་བཏང་།

 ཁྲི་ཀ་རྫོང་འཕྲང་དམར་གྲོང་བརྡལ་བདུད་ཤུལ་སྡེ་བའི་སྐྱེ་ཁམས་དོ་དམ་སྲུང་སྐྱོང་པའམ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོ་ཆུང་གི་མགོ་གཙོ་སངས་རྒྱས་རྒྱལ་གྱིས་བཤད་རྒྱུར།

ང་ཚོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོ་ཆུང་ལ་མི108ཡོད་པ་དང་།  ཚོ་ཆུང་ལྔ་ལ་ས་ཁུལ་བགོས་ཏེ་གད་སྙིགས་འཐུ་བ་དང་།  གོ་རའི་མཚོ་དམར་ས་ཁུལ་དུ་ཆེད་དུ་ཚོ་ཆུང་གཅིག་བཀོད་སྒྲིག་བྱས་ཡོད་ཅིང་།  འདི་ལྟར་བྱས་ན།  ང་ཚོ་ས་ཆའི་སྐྱེ་ཁམས་ཁོར་ཡུག་སྔོན་ཆད་ལས་ཇེ་བཟང་དུ་སོང་ཡོད།  ད་ལྟ་འདིར་ཡུལ་སྐོར་དུ་ཡོང་མཁན་ཇེ་མང་ནས་ཇེ་མང་རེད་ཟེར།

གཞི་རིམ་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་བརྟེན་ནས་སྡེ་བའི་ནང་རྒྱུན་རྣམ་ཅན་གྱི་སྒོ་ནས་སྐྱེ་ཁམས་སྲིད་ཇུས་སྒྲོག་འགྲེལ་བྱས་ཏེ་མང་ཚོགས་ཀྱི་འཚོ་བའི་གོམས་གཤིས་ངན་པར་འགྱུར་ལྡོག་གཏོང་བ་དང་སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་འཛུགས་རྒྱུར་ཁྲིད་སྟོན་བྱས་ནས།  ཁོངས་མི་ཡོངས་ཀྱིས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་མཉམ་ཤུགས་གཅིག་ཏུ་བསྒྲིལ།  སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ་དང་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་གནམ་གཤིས་ཀྱི་དགེ་མཚན་ལ་བརྟེན་ནས་གོ་རའི་མཚོ་དམར་ནི་དབྱར་དུས་སུ་ཀུན་གྱིས་དོ་སྣང་བྱེད་པའི་གྲོང་གསེབ་ཀྱི་ཡུལ་སྐོར་བྱ་ཡུལ་ཞིག་ཏུ་གྱུར་ཡོད།

 ཡུལ་སྐོར་བ་ཚེ་རིང་གིས་བཤད་རྒྱུར། ང་གྲོགས་པོ་ཞིག་གི་མཚམས་སྦྱོར་བརྒྱུད་ནས་ས་ཆ་འདིར་ཡོང་བ་ཡིན་ལ། གནས་འདི་ནི་མཚོ་ངོས་ལས་མཐོ་ཚད་སྨི3000ལྷག་ཡོད། གནས་འདིའི་སྐྱེ་ཁམས་དང་ཁོར་ཡུག་ལེགས་ཤིང་། ཡུལ་ལྗོངས་ཀྱང་མཛེས་སྡུག་ལྡན་པ་ཞིག་རེད། ཁ་སང་ང་ཚོ་གྲོགས་པོ་སྐོར་ཞིག་དང་མཉམ་དུ་འདིར་ཡོང་ནས་ཞག་གཅིག་ལ་བསྡད་པ་ཡིན། གནས་འདི་ཡུལ་སྐོར་ལ་ཡོང་སའི་གནས་མཆོག་ཅིག་རེད། ངས་འདི་ནས་གྲོགས་པོ་མང་པོར་གནས་འདི་འོས་སྦྱོར་བྱས་པ་ཡིན།

ད་ལོའི་ཚུན་ལ། བདུད་ཤུལ་སྡེ་བས་ཅན་བཅུའི་ཏང་འཛུགས་དམ་འཛིན་བྱས་ཏེ། སྐྱེ་ཁམས་བཅོས་སྐྱོང་རྣམ་པ་རྒྱུན་མཐུད་ངང་རིམ་སྤར་བྱས་པས། མང་ཚོགས་སྐྱེ་ཁམས་སྲུང་སྐྱོང་ལ་ཞུགས་པའི་རང་འགུལ་རང་རྟོགས་ཀྱི་འདུ་ཤེས་ཇེ་དྲག་ཏུ་ཕྱིན་ཏེ། དམངས་ཡོངས་ཀྱིས་གཙང་པོ་དང་ལྗང་མདོག་ལ་སྲུང་སྐྱོང་བྱེད་པའི་གོམས་གཤིས་བཟང་པོ་ཞིག་ཆགས་ཡོད།

 ཁྲི་ཀ་རྫོང་འཕྲང་དམར་གྲོང་བརྡལ་བདུད་ཤུལ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་སྒྲོལ་མ་རྒྱ་མཚོ་ཡིས་བཤད་རྒྱུར། ང་ཚོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོ་ཆུང་བཙུགས་ཡོད་ལ། སྡེ་མི་ཡོངས་ཧུར་ཐག་གིས་མཉམ་ཞུགས་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད། ད་ལྟ་ང་ཚོ་བདུད་ཤུལ་སྡེ་བར་སྐྱེ་ཁམས་སྲུང་སྐྱོང་པ108ཡོད་ལ། དེའི་ནང་གོ་རའི་མཚོ་དམར་ཁུལ་དུ་མི22བཀོད་སྒྲིག་བྱས་ཡོད། ཁོ་ཚོས་གཟའ་པ་སངས་རེའི་ཞོགས་པའི་ཆུ་ཚོད་དགུ་པའི་སྟེང་དུས་ལྟར་གོ་རའི་མཚོ་དམརམཁུལ་དུ་སོང་ནས་གཙང་སྦྲ་བྱེད་བཞིན་ཡོད། ཐེངས་རེར་མི་ལྔ་བཅུ་ནས་དྲུག་ཅུ་ཙམ་མཉམ་ཞུགས་བྱེད་བཞིན་ཡོད། རང་མོས་ཀྱིས་ཞུགས་པའི་མང་ཚོགས་ཆེས་མང་དུས་མི་སུམ་ཅུ་ལྷག་ཡོད་ལ། ཆེས་ཉུང་དུས་ཀྱང་མི་བཅུ་ལྷག་ཡོད། ཚང་མས་ཧུར་ཐག་སྒོས་གཙང་སྦྲ་བྱས་ཏེ་གནས་འདིའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཟང་པོ་བྱེད་བཞིན་ཡོད་ཟེར།

ཏང་ཡོན་གྱི་མིག་དཔེ་སྣེ་ཁྲིད་ནས་མང་ཚོགས་ཡོངས་མཉམ་ཞུགས་བྱེད་པའི་བར་དང་། སྐྱེ་ཁམས་རྒྱུན་རྣམ་ཅན་གྱི་བཅོས་སྐྱོང་ནས་ལྗང་མདོག་དམངས་ཕན་གྱི་འཕེལ་རྒྱས་བར་གྱི་གོ་རིམ་ཁྲོད། འཕྲང་དམར་གྲོང་བརྡལ་གྱིས་རྩ་འཛུགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་གི་གསོན་ཤུགས་འཕེལ་བར་བྱས་ཤིང་། སྐྱེ་ཁམས་ཀྱི་དགེ་མཚན་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་ལ་ནུས་ཤུགས་བསྩལ་ཡོད། ད་ལྟའི་གོ་རའི་མཚོ་དམར་ཡུལ་ལྗོངས་ཁུལ་དུ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་བཟང་པོ་ཞིག་མངོན་ཡོད། 


热门新闻

热门图库

热门排行