གནས་ཚུལ། 详情

སྐབས27པའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྟེང་ལས་གཞི108ལ་མིང་རྟགས་བཀོད་པ་དང་སྤྱིའི་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར758ཟིན།

  ཟླ7པའི་ཚེས19ཉིན། སྐབས་ཉེར་བདུན་པའི་ཀྲུང་གོའི་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་མ་གཏོང་ཚོང་གཏམ་གྲོས་ཚོགས་ཀྱི་གྲུབ་འབྲས་ཁྱབ་བསྒྲགས་བྱས་ཏེ། ལས་གཞི108ལ་མིང་རྟགས་བཀོད་པ་དང་། སྤྱིའི་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར758ཟིན་ལ། དེའི་ཁྲོད་ཞིང་ཆེན་རིམ་པའི་ཆེད་དོན་ཚོགས་རར་འཐབ་ཇུས་མཉམ་ལས་ཀྱི་སྒྲོམ་གཞིའི་གྲོས་གཞིའི་ཡི་གེ2དང་། མ་གཏོང་གྲོས་གཞིའི་ཡི་གེ22ལ་མིང་རྟགས་བཀོད་ཅིང་། སྤྱིའི་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར373ཟིན། ལས་གཞི་དེ་ནུས་རྒྱུ་གསར་པ་དང་རྒྱུ་ཆ་གསར་པ། ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད། ཚོང་དོན་ཟོག་འགྲེམས། ཁོངས་བརྒལ་དཔལ་འབྱོར་ཚོང་དོན་སོགས་གནད་ཆེའི་ཁྱབ་ཁོངས་སུ་ཁེབས་ཡོད།

  ཐེངས་འདིའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་གདན་ཞུའི་སྐུ་མགྲོན་ཐད་ནས་ཚད་རིམ་མཐོ་བ་དང་། རྒྱལ་སྤྱི་ཅན་དང་ས་ཁུལ་ཅན་བཅས་ཀྱི་ཐོལ་བརྒལ་གསུམ་མངོན་འགྱུར་བྱུང་ཡོད། ཚོགས་ཆེན་ལས་རྒྱལ་ནང་དང་ཕྱི་རྒྱལ་གྱི་སྐུ་མགྲོན་བསྡོམས་པས9000ལྷག་གདན་ཞུ་བྱས་ཡོད་པ་དང་། སྲིད་དོན་དང་ཚོང་དོན། རིག་གཞུང་། ཞིབ་འཇུག དངུལ་རྩ་བཅས་ཀྱི་ཁྱབ་ཁོངས་ཡོངས་སུ་ཁྱབ་ཡོད། ཚོང་ལས་པ་གྲགས་ཅན་དང་ཁོངས་བརྒལ་ནས་ཉོ་སྒྲུབ་བྱེད་པ། ཞིང་ཆེན་བརྒལ་ནས་མཉམ་ལས་བྱེད་པའི་ཁེ་ལས་བཅས་ཀྱི་གྲངས་ཀ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྐྲུན་ཡོད། རྒྱལ་ནང་གི་ཐད་ནས་རྒྱལ་ཡོངས་རང་བཞིན་གྱི་མང་ཚོགས་ཚོགས་པ་དང་ལས་རིགས་མཐུན་ཚོགས14དང་། ཚན་རིག་ཞིབ་འཇུག་ཁང་དང་མཐོ་རིམ་སློབ་གྲྭ12མཚོ་སྔོན་དུ་འཛོམས་ཡོད་པ་དང་། ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར)26གིས་ཚོགས་པ་བསྒྲིགས་ཏེ་འགྲེམས་སྟོན་ཚོགས་འདུར་ཞུགས་ཡོད། ཀྲུང་དབྱང་གི་ཁེ་ལས91དང་རྒྱལ་གཉེར་ཁེ་ལས1000དང་དམངས་གཉེར་ཁེ་ལས500ལྷག་བཅས་ཟབ་ཞུགས་བྱས། རྒྱལ་སྤྱིའི་ཐད་ནས་ཁུ་རོ་ཏིས་ཡ་དང་། མོ་ཙམ་པི་ཁེ། ཨར་པ་ནི་ཡ། ཀྲི་ལི། ཨ་ཧྥུ་ཧན་བཅས་ཀྱི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་པ5དང་། ཕྱི་རྒྱལ་གྱི་སྐུ་མགྲོན71། རྒྱལ་སྤྱིའི་སྒྲིག་འཛུགས་དང་ཕྱི་རྒྱལ་གྱི་ཚོང་པའི་འཐུས་མི་བཅས་ཐེངས་འདིའི་ཚོང་གཏམ་གྲོས་ཚོགས་སུ་ཞུགས་ཡོད།

ཐེངས་འདིའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་འགྲེམས་སྟོན་གྱིས་བརྗོད་དོན་གཙོ་བོའི་བཀོད་པ་དང་ཤར་ནུབ་རྒྱུད་སྦྲེལ་མཐུད། དྲ་ཐོག་དང་དྲ་ཕྱིའི་ཟུང་འབྲེལ་བཅས་རིམ་པ་གསུམ་གྱི་རིམ་སྤོར་མངོན་འགྱུར་བྱུང་ཡོད། འགྲེམས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་ཁྲི2.5ཙམ་ཡོད་པ་དང་། སྒོ་འབྱེད་མཉམ་ལས་དང་ལྗང་མདོག་འཕེལ་རྒྱས་ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ། ལྗང་མདོག་འཕེལ་རྒྱས་འགྲེམས་སྟོན་ཁང་དང་མཉམ་ལས་སྤེལ་རེས་འགྲེམས་སྟོན་ཁང་། ས་ཁུལ་འཕེལ་རྒྱས་འགྲེམས་སྟོན་ཁང་བཅས་ཁྱད་ཆོས་ལྡན་པའི་འགྲེམས་སྟོན་ཁུལ་ཆེན་པོ་གསུམ་བཀོད་སྒྲིག་བྱས་ཡོད། ཐེངས་འདིའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་ཕྱི་ཕྱོགས་སྤེལ་རེས་ཀྱིས་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་བར་གྱི་མཉམ་ལས་རྨང་གཞི་བརྟན་པོར་གཏོང་བ་དང་རྒྱུད་གཅིག་ལམ་གཅིག་གི་སྦྲེལ་མཐུད། ཕྱོགས་ཡོངས་ཀྱི་མཉམ་ལས་བཅས་རིམ་པ་གསུམ་གྱི་ཐོལ་བརྒལ་མངོན་འགྱུར་བྱུང་ཡོད།


热门新闻

热门图库

热门排行